རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས་ཉེར་བརྒྱད་ཉིན་བཀའ་རྒྱ་ཞིག་སྤེལ་ཏེ། དབྱི་སི་རལ་གྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨ་ཧྥེ་རི་ཁ་ལྷོ་མས་ཟླ་འདིའི་ཚེས་དྲུག་ཉིན་སྤྲད་པའི་ཞུ་གཏུག་རེ་འདོད་ཐག་གཅོད་བྱེད་པའི་བཀའ་རྒྱ་དེ་སྤེལ་བ་རེད། བཀའ་རྒྱ་ལས་བཤད་རྒྱུར། ད་ལོའི་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ཚུན་ལ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིའི་གནོད་འཚེ་རང་བཞིན་གྱི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་ལ། ཁོ་ཚོར་དུས་ཡུན་རིང་བོར་ཡོངས་ཁྱབ་ཏུ་ཟས་རིགས་དང་གཞི་རྩའི་མཁོ་དངོས་གཞན་པ་དཀོན་པར་མ་ཟད། ལྟོགས་སྡུག་མྱོང་བཞིན་ཡོད་པས། དབྱི་སི་རལ་གྱིས་ངེས་པར་དུ་དགོས་ངེས་ཀྱི་ནུས་ལྡན་བྱེད་ཐབས་གང་རུང་སྤྱད་ནས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་གང་ལེགས་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ཟེར།

རྒྱལ་སྤྱིའི་ཁྲིམས་ཁང་གི་བཀའ་རྒྱ་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་ཟས་རིགས་དང་འཐུང་ཆུ། གློག་ཤུགས། འབར་རྫས། སྡོད་ཁང་། གྱོན་ཆས། འཕྲོད་བསྟེན་མཁོ་དངོས། དེ་མིན་སྨན་བཅོས་ཞབས་ཞུ་སོགས་མྱུར་དུ་མཁོ་བ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་དབྱི་སི་རལ་གྱིས་སྐམ་སའི་རྒྱུ་ལམ་ཇེ་མང་དུ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། དགོས་གལ་ཆེ་དུས་སྒོ་འབྱེད་བྱེད་དགོས་པའི་རེ་བ་བཏོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།