ཁོ་ལོམ་པུ་ཡཱ་ཡིས་ཨ་ཀིན་ཐེན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་ལོམ་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཀིན་ཐེན་གྱི་ཙུང་ཐུང་མུས་ལའེ་ཡི་ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ལ་དམིགས་པའི་གཏམ་བཤད་ལ་ངོ་རྒོལ་བྱེད་ཆེད། ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཨ་ཀིན་ཐེན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར།

མུས་ལའེ་ཡིས་ཉེ་སྔོན་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས། ཡང་བསྐྱར་ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ལ་སྐྱོན་བརྗོད་བྱས་པ་དང་། ཁོ་ནི་གདུག་རྩུབ་ཆེ་བའི་འཇིགས་སྐུལ་ཉེས་ཅན་ཡིན་པའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། མུས་ལའེ་ཡི་གཏམ་བཤད་དེས་དམངས་ཀྱིས་བདམས་པའི་ཙུང་ཐུང་ཕའེ་ཐི་ལོ་ཡི་ལ་རྒྱར་གནོད་པ་བཟོས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་བཏང་ཡོད་ཟེར། གསལ་སྒྲོག་ལས་ད་རུང་དེ་ནི་མུའུ་ལའེ་ཡིས་ཐོག་དང་པོར་ཕའེ་ཐི་ལོ་ལ་བརྙས་དམོད་བྱས་པ་མིན་ཟེར།

གསལ་སྒྲོག་ལས་མཐར་སྐྲོད་བཏང་བའི་བྱེ་བྲག་གི་མི་གྲངས་དང་ལག་བསྟར་དུས་ཚོད་གསལ་བོར་བསྒྲགས་མེད།

ད་ལོའི་ཟླ་དང་པོར། ཁོ་ལོམ་པུ་ཡཱ་ཡིས་མུས་ལའེ་ཡི་ཕའེ་ཐི་ལོ་ལ་དམིགས་པའི་འགན་མི་ཁུར་བའི་གཏམ་བཤད་ལ་ངོ་རྒོལ་དྲག་པོ་བྱས་པ་དང་། ཨ་ཀིན་ཐེན་དུ་སྡོད་པའི་ཁོ་ལོམ་པུ་ཡཱའི་གཞུང་ཚབ་ཆེན་མོ་ཕྱིར་བོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།