དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་མང་བོར་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས་དང་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་མང་བོར་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་དགུ་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་དོན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་གཉིས་ལ་རྨས་ཕོག ན་ནིང་ཟླ་བཅུ་བབར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གསུམ་དང་སྟོང་གཉིས་དྲུག་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་ལྔ་ལྷག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།