སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་རལ་འཇིགས་སྐུལ་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ནས་མི་མང་བོར་ཤི་རྨས་བཟོས་ཡོད།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་དུ་ཉིན་དེའི་ཞོགས་པར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་པ་དང་འཇིགས་སྐུལ་རྩ་འཛུགས་ཀྱི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས། མི་སེར་དཀྱུས་མ་དང་དམག་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས་ཉེར་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔ་ཡས་མས་སུ། དབྱི་སི་རལ་གྱིས་ཨ་ལེ་ཕའོ་ཞིང་ཆེན་གྱི་ཞིང་སྡེ་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ཞོར་དུ་འཇིགས་སྐུལ་ཉེས་ཅན་གྱིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་ནུབ་ཕྱོགས་ཞིང་སྡེ་ས་ཁུལ་ནས་ཨ་ལེ་ཕའོ་གྲོང་ཁྱེར་དང་དེའི་ཉེ་འཁོར་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་དང་དམག་མི་མང་བོར་ཤི་རྨས་བཟོས་ཡོད་ལ། གཞུང་དང་མི་སྒེར་ལ་རྒྱུ་ནོར་གྱོང་གུད་ཐེབས་ཡོད།

སི་རི་ཡཱའི་དམག་ཕྱོགས་ཀྱིས་མི་སྣར་ཤི་རྨས་ཐེབས་པ་ནི་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་དང་འཇིགས་སྐུལ་རྩ་འཛུགས་ཀྱི་འཇིགས་སྐུལ་འཇབ་རྒོལ་གང་ལས་བཟོས་པ་གསལ་བོར་བསྒྲགས་མེད།

སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་གྱི་ཞོགས་པར་ཨ་ལེ་ཕའོ་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་དོན་བཟོ་གྲྭ་ཞིག་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཨ་ལེ་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་གནས་པའི་དྲག་ཆས་མཚོན་ཁང་སོགས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་སི་རི་ཡཱའི་དམག་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ལ། འདས་པོའི་ཁ་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་གི་དམག་དཔུང་སི་རི་ཡཱ་རུ་བཅའ་སྡོད་བྱས་ཡོད་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།