དབྱི་སི་རལ་གྱི་ཙུང་ལི་ཡིས་འཐུས་ཚབ་ཚོགས་པ་མངག་ནས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་པར་ཆོག་མཆན་བཀོད།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཐུས་ཚབ་ཚོགས་པ་མངག་ནས་སྐོར་ཐེངས་རྗེས་མའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་པར་ཆོག་མཆན་བཀོད།

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་གྱི་འགན་ཁུར་བའི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ལ་འབྲེལ་འདྲིས་བྱས་ཏེ། གྲོས་མོལ་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བྱེད་ཕྱོགས་གཏན་འབེབས་བྱས་པར་མ་ཟད། འཐུས་ཚབ་ཚོགས་པ་མངག་ནས་མ་འོངས་པའི་ཉིན་འགའི་ནང་ཨེ་ཅིབ་ཀྱི་ཁེ་རོ་དང་ཁཱ་ཐར་གྱི་ཏའོ་ཧཱ་རུ་སོང་ནས་སྐོར་ཐེངས་རྗེས་མའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་པར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྲོས་ཆོད་གཉིས་བདུན་གཉིས་བརྒྱད་ལ་གྲོས་མཐུན་བཀོད་དེ། སྨྱུང་གནས་ཟླ་བའི་སྐབས་སུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། དེའི་ཞོར་དུ་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་རེ་བ་བཏོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་པའི་ཕྱི་ཉིན། དབྱི་སི་རལ་གྱིས་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་པའི་འཐུས་མི་ཕྱིར་འཐེན་བྱས་པས། གྲོས་མོལ་དེ་ཡང་བསྐྱར་ཛ་དྲག་གི་གནས་སུ་ལྷུང་། དབྱེ་ཞིབ་མི་སྣས་བསྟན་དོན། མིག་སྔའི་གྲོས་མོལ་གྱི་དཀའ་ཁག་ནི་ཕྱོགས་གཉིས་ཀྱིས་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་གནས་དོན་ཐད་ནས་གྲོས་མཐུན་འགོད་དཀའ་བ་དེ་རེད་ཟེར།


བསོད་ནམས་ཚེ་རིང་བསྒྱུར།