སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་རླངས་འཁོར་བཀག་འཇོག་བྱས་པར་རྒོལ་གཏམ་བཏང་།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་སུའུ་ཏན་བྱང་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཧྥ་ཞི་ཨར་གྲོང་ཁྱེར་དུ་མངག་པའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་དངོས་སྐྱེལ་རླངས་འཁོར་གཉིས་བཀག་འཇོག་བྱས་པར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བཀག་འཇུག་བྱས་པའི་དངོས་སྐྱེལ་རླངས་འཁོར་ཧྥ་ཞི་ཨར་གྲོང་ཁྱེར་དུ་སོང་ནས། ས་དེའི་ཡུལ་འཁྱམས་བྱེད་པའི་མིའི་འབྲུ་རིགས་དང་བདེ་ཐང་ཉམས་ཉེན་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་པ་དང་། ཁྱད་པར་དུ་བྱིས་པའི་འཚོ་བཅུད་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད། དེ་ལས་གཞན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏའེ་པཱ་མེད་ལེ་ཐི་དང་ཧྥ་ཞི་ཨར་བར་གྱི་ལམ་ཐིག་བཀག་སྡོམ་བྱས་པ་དང་། མེད་ལེ་ཐི་ཉེ་འདབས་སུ་དམག་དཔུང་མངག་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་རུ་ཁག་བཀག་ནས་རྒུད་སྐྱོབ་དངོས་རྫས་འཕྲོག་བཅོམ་བྱས།

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཟླ་གསུམ་པའི་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་རྒུད་སྐྱོབ་དངོས་རྫས་དག་ལམ་ཐིག་མང་བོ་བརྒྱུད་དེ་སུའུ་ཏན་དུ་སྤེལ་ནས། མིག་སྔའི་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་ཞི་འཇགས་སུ་གཏོང་བར་ཡིད་འཐད་བྱུང་།

ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དྲག་ཆས་འཁྲུག་རྩོད་བྱས་པ་དང་། དེའི་རྗེས་སུ་འཁྲུག་རྩོད་དེ་ས་ཁུལ་གཞན་པར་རྒྱ་ཡན་དུ་སོང་བ་རེད། འཁྲུག་རྩོད་ལས་སུའུ་ཏན་གྱི་མི་ཁྲི་གཅིག་དང་སྟོང་བཞི་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་བརྒྱ་དངང་འབུམ་གཅིག་ལྷག་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། མི་བྱེ་བ་གཅིག་དང་ས་བརྒྱད་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་རྣམ་པར་གནས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།