ཨུ་རུ་སིའི་ཁྲིམས་ཁང་གིས་མའོ་སི་ཁོའི་ཉེ་འདབས་ཀྱི་འཇིགས་སྐུལ་ལ་འབྲེལ་བའི་དོགས་ཡོད་མི་སྣ་ཨང་དགུ་བ་འཛིན་བཟུང་བཀག་འཇུག་བྱེད་རྒྱུ་ཆོག་མཆན་བཀོད།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མའོ་སི་ཁོའི་པཱ་སི་མན་ས་ཁུལ་ཁྲིམས་ཁང་གིས་ཚེས་ཉེར་དགུ་ཉིན་མའོ་སི་ཁོའི་ཉེ་འདབས་ཀྱི་རོལ་དབྱངས་ཚོམས་ཁང་གི་འཇིགས་སྐུལ་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་ཨང་དགུ་བ་འཛིན་བཟུང་བཀག་འཇུག་བྱེད་པར་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན། དོགས་ཡོད་མི་སྣ་དེའི་མིང་ལ་ནཱ་ཙི་མཱ་ལི་ཏི་ལུའུ་ཐི་ཧྥུའུ་ལོ་དབྱེ་ཟེར་བ་དང་། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་བར་འཛིན་བཟུང་བྱེད་རྒྱུ་རེད་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནཱ་ཙི་ལི་མཱ་ཏི་ལུའུ་ཐི་ཧྥུའུ་ལོ་དབྱེ་ནི་ཉིས་སྟོང་ལོར་ཐཱ་ཅི་ཁི་སི་ཐན་ནས་སྐྱེས་པ་དང་། འཛིན་བཟུང་མ་བྱས་གོང་མའོ་སི་ཁོ་ཡི་མགྲོན་ཁང་ཞིག་ཏུ་བསྡད་ཡོད། ཁོས་མཐོ་རིམ་སློབ་གསོ་མྱངས་ཡོད་ལ། ལྕམ་མོ་དང་བྱིས་པ་མེད་ལ། བྱ་བའང་མེད།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་དེའི་སྔོན་ཁྱབ་བསྒྲགས་བྱས་དོན། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་བཅུ་གཅིག་གི་ཁྲོད་དུ་མི་བཞི་ཐད་ཀར་དུ་འཇབ་རྒོལ་ལ་ཞུགས་མྱོང་བ་དང་། མའོ་སི་ཁོའི་པཱ་སི་མན་ས་ཁུལ་གྱི་ཁྲིམས་ཁང་གིས་སྔ་གཞུག་ཏུ་འཇབ་རྒོལ་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་བརྒྱད་བཀག་འཇུག་བྱས་ནས་འདྲི་གཅོད་བྱས་པ་དང་། དེའི་ནང་འཇིགས་སྐུལ་འཇབ་རྒོལ་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་བཞི་ཡོད་ཟེར།

མའོ་སི་ཁོ་ཉེ་འདབས་ཀྱི་ཁི་ལོ་ཁུའུ་སི་མཁར་རོལ་དབྱངས་ཚོམས་ཁང་དུ་ཚེས་ཉེར་གཉིས་ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ། མི་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་གྱ་གཉིས་ལ་རྨས་ཕོག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།