དབྱི་སི་རལ་དམག་ཕྱོགས་ཀྱིས་ཧ་མ་ཟིའི་མཐོ་རིམ་འགོ་ཁྲིད་གཉིས་བསད་པ་ཁྱབ་སྒྲོག་བྱས།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་རྒྱུད་དུ་ཡོད་པའི་ཅཱ་ཧྲ་གྲོང་ཁྱེར་གྱི་ཞིས་ཧྥ་སྨན་ཁང་དུ་སྤེལ་བའི་དམག་དོན་འགུལ་སྤྱོད་ཁྲོད། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་ཟིའི་མཐོ་རིམ་འགོ་ཁྲིད་གཉིས་བསད་ཡོད་ཅེས་ཁྱབ་སྒྲོག་བྱས།

དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པ་ཨ་ཝེ་ཧ་དབྱི·ཨ་ཏི་ལེ་དབྱི་ཡིས་ཚེས30ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཞིས་ཧྥ་སྨན་ཁང་དུ་ཕ་ལི་སི་ཐན་གྱི་དྲག་ཆས་པ་མང་པོ་བསད་པའི་ཁྲོད། ཧ་མ་ཟིའི་དམག་དོན་གསང་འཕྲིན་འགན་འཁུར་བའི་མཐོ་རིམ་འགོ་ཁྲིད་པ་ཧྥ་ཏིས·ཏུའུ་ཝེ་ཁི་དང་། ཧ་མ་ཟིའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱེད་སྒོ་སྤེལ་མཁན་གྱི་འགོ་ཁྲིད་པ་ཀྲ་ཁཱ་ལིས་ཡ·ནཱ་ཅིས་པུའུ་ཚུད་ཡོད་ཟེར། ཨ་ཏི་ལེ་དབྱི་ཡིས་ད་དུང་འབྲེལ་ཡོད་མི་སྣའི་འདྲ་པར་དང་དབྱི་སི་རལ་དམག་དཔུང་གིས་དམག་དོན་འགུལ་སྤྱོད་སྤེལ་བཞིན་པའི་འབྲེལ་ཡོད་བརྙན་རིས་ཁྱབ་སྒྲོག་བྱས།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས30ཉིན་གྱི་སྔ་དྲོར་དམག་དོན་འགུལ་སྤྱོད་སྤེལ་བའི་གནས་ཚུལ་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གིས་ཞིས་ཧྥ་སྨན་ཁང་གི་དམག་དོན་འགུལ་སྤྱོད་ད་དུང་མུ་མཐུད་སྤེལ་བཞིན་ཡོད་ཟེར།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས30ཉིན་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཞིས་ཧྥ་སྨན་ཁང་དུ་དམག་དོན་འགུལ་སྤྱོད་སྤེལ་ནས་གཟའ་འཁོར་གཉིས་འཁོར་བའི་རྗེས་སུ། སྨན་ཁང་དེ་རུ་ད་དུང་ནད་པ་་བརྒྱ་དང་བདུན་ཉེན་ཁའི་གནས་སུ་ལྷུང་ཡོད་ཅིང་། གནས་དེ་གར་ཆུ་དང་གློག སྨན་བཅས་མེད་ལ། ནད་པ་དེ་དག་གི་ཚེ་སྲོག་སྔར་བཞིན་ཉེན་ཁའི་གནས་སུ་ལྷུང་ཡོད། “ང་ཚོས་བྲེལ་མྱུར་བྱ་སྤྱོད་སྤེལ་ནས་ཁོ་ཚོའི་ཚེ་སྲོག་སྐྱོབ་རྒྱུའི་རེ་འབོད་བྱེད་ཀྱིན་ཡོད”ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།