ཝུའུ་ཁི་ལན་ཤར་རྒྱུད་ཀྱི་གློག་འདོན་བཟོ་གྲྭ་ཆེ་གྲས་དེ་ཨུ་རུ་སུའི་དམག་དཔུང་གི་མཁའ་རྒོལ་ཁྲོད་གཏོར་སྐྱོན་བཟོས།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས30ཉིན། ཝུའུ་ཁི་ལན་རང་བཙན་གསར་འགྱུར་ཁང་གིས་ཝུའུ་ཁི་ལན་གྱི་དབུས་རྒྱུད་ནུས་ཁུངས་ཀུང་ཟིའི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་ཤར་རྒྱུད་ཀྱི་གློག་འདོན་བཟོ་གྲྭ་ཆེ་གྲས་ཏེ། ཧ་ཨར་ཁི་ཧྥུའུ་མངའ་སྡེ་རུ་ཡོད་པའི། ཙི་མིས་ཡེ་ཧྥུའུ་མེ་ཤུགས་གློག་འདོན་བཟོ་གྲྭ་དེ། ཚེས22ཉིན་ཨུ་རུ་སུའི་དམག་གི་འཕུར་མདེལ་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་ཡོད་ཅིང་། ཨུ་རུ་སུ་ཕྱོགས་ཀྱིས་མིག་སྔའི་བར་དེའི་ཐད་ཡ་ལན་བྱིན་མེད་ཟེར།

ཝུའུ་ཁི་ལན་དབུས་རྒྱུད་ནུས་ཁུངས་ཀུང་ཟིས་གཞུང་ཕྱོགས་དྲ་བའི་སྟེང་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སུའི་དམག་དཔུང་གི་འཕུར་མདེལ་འཇབ་རྒོལ་ལས་ཙི་མིས་ཡེ་ཧྥུའུ་མེ་ཤུགས་གློག་འདོན་བཟོ་གྲྭའི་སྒྲིག་ཆས་ཚང་མར་གཏོར་སྐྱོན་བཟོས་ནས། སྒྲིག་ཆས་མང་ཆེ་བ་བེད་སྤྱོད་བྱེད་ཐབས་མེད། མིག་སྔར་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་ཚད་དང་སླར་གསོ་བྱེད་པར་མཁོ་བའི་དུས་ཚོད་དང་མ་དངུལ་གྱི་གྲངས་འབོར་གནད་ལ་འཁེལ་བའི་སྒོ་ནས་དཔྱད་འཇོག་བྱེད་མི་ཐུབ་ཟེར།

ཝུའུ་ཁི་ལན་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཅཱ་ལུའུ་ཞན་ཁི་ཡིས་ཙི་མིས་ཡེ་ཧྥུའུ་མེ་ཤུགས་གློག་འདོན་བཟོ་གྲྭར་གཏོར་སྐྱོན་བཟོས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས། ཝུའུ་ཁི་ལན་ནུས་ཁུངས་པུའུ་ཡིས་ཐོན་ཁུངས་ཡོད་ཚད་སྐུལ་སློང་བྱས་ཏེ། གློག་འདོན་བཟོ་གྲྭ་འཁོར་སྐྱོད་སླར་གསོ་ཐུབ་པར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཚེས29ཉིན། ཝུའུ་ཁི་ལན་ནུས་ཁུངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཧ་ཨར་ཆིན་ཁི་ཡིས་ཝུའུ་ཁི་ལན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཚེས22ཉིན་ཨུ་རུ་སུའི་དམག་གིས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་གཞི་ཁྱོན་ཆེ་བའི་ངང་མཁའ་རྒོལ་བྱས་པ་ནས་བཟུང་། ཝུའུ་ཁི་ལན་ལ10%ནས12%བར་གྱི་གློག་གཏོང་ནུས་ཤོར་ཡོད་ཅིང་། གཏོར་སྐྱོན་བཟོས་པའི་གློག་ཤུགས་སྒྲིག་ཆས་དུས་ཚོད་ཐུང་ངུའི་ནང་སླར་གསོ་བྱེད་དཀའ། ཝུའུ་ཁི་ལན་ལ་མཚོན་ནས་བཤད་ན། ད་ལོའི་ཟླ7པའི་ཟླ་དཀྱིལ་དང་ཟླ་སྨད་དུ་གློག་སྤྱོད་ཚད་ཆེས་ཆེ་བའི་དུས་སྐབས་སུ། ཝུའུ་ཁི་ལན་ལ་གློག་ཤུགས་ཀྱིས་མི་འདང་བའི་གནས་ཚུལ་སླེབས་སྲིད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།