ཨེ་ཅིབ་དང་ཅོར་ཏན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་ཡུན་རིང་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་དང་ཅོར་ཏན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས30ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་ལོ་རུ་གྲོས་མོལ་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་སྟངས་ཐད་ནས་གྲོས་བསྡུར་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་ཡུན་རིང་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁའེ་ལིས་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་སའེ་རུའུ་ཨར་ནེ་བཅས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་ཡུན་རིང་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བཀག་ཉར་བྱས་ཡོད་པའི་མི་སྣ་ཚང་མ་དུས་ལྟར་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོ་ཚོས“ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་སྟངས་དང་མུ་གེ འཕྲོད་བསྟེན་མ་ལག་ཐོར་ཞིག་ཏུ་སོང་བ་བཅས་ལས་བྱུང་བའི་འཇིགས་སུ་རུང་བའི་མཇུག་འབྲས”ལ་ཉེན་བརྡ་བཏང་བར་མ་ཟད། བཙན་ཤེད་ལ་བརྟེན་ནས་ཕ་ལེ་སི་ཐན་གྱི་མི་མང་པོ་རང་གི་མངའ་ཁོངས་ནས་གནས་གཞན་དུ་བསྐྲད་པ་ཡིན་ན། མི་མང་པོ་ཞིག་གར་འགྲོ་འདུག་ཡུལ་མེད་པའི་ཡུལ་འཁྱམས་པ་རུ་བསྒྱུར་རྩིས་ཡོད་པའི་རེ་ངན་ལ་ངོ་རྒོལ་བྱས།

གསལ་བསྒྲགས་ནང་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ལ་དམིགས་ཏེ་བཏོན་པའི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་འགོག་རྐྱེན་ཚང་མ་མེད་པར་བཟོས་ཏེ། སྐམ་སའི་ས་མཚམས་སྒྲོལ་ས་བེད་སྤྱོད་དང་སྟབས་བདེ་རུ་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

གསལ་བསྒྲགས་ནང་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་དམག་དོན་འགུལ་སྤྱོད་ཅི་རིགས་སྤེལ་རྩིས་ཡོད་པར་ངོ་རྒོལ་དྲག་པོ་བྱས། ད་ཆ་ལཱ་ཧྥ་ནི་པ་ལེ་སི་ཐན་གྱི་ཡུལ་གྱར་བ་ས་ཡ་གཅིག་དང་འབུམ་ལྔ་ལྷག་གི་ཉེན་གཡོལ་བྱེད་ས་ཡིན་པས། གལ་ཏེ་ལཱ་ཧྥ་ལ་འཇབ་རྒོལ་བྱས་པ་ཡིན་ན། དེ་གའི་མི་སྣ་མང་བོར་ཤི་རྨས་བྱུང་ཐག་ཆོད་ཡིན་ལ། དེ་དང་བསྟུན་ནས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་སྟངས་ཀྱང་ཇེ་སྡུག་ཏུ་འགྲོ་རྒྱུ་རེད་ཟེར།

གསལ་བསྒྲགས་ནང་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བླང་བྱ་ལྟར་དུ། སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་དམག་འཁྲུག་རྒྱག་མཚམས་འཇོག་དགོས་པའི་གྲོས་ཆོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། “རྒྱལ་ཁབ་གཉིས་ཀའི་ཇུས་གཞི”ལག་བསྟར་བྱས་ནས། 1967ལོའི་མཐའ་མཚམས་རྨང་གཞིར་འཛིན་རྒྱུ་དང་། དབྱི་ལུའུ་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སྤྱོད་བྱེད་པ་བཅས་ཀྱི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་པའི་ནན་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།