སི་རི་ལན་ཁའི་ཙུང་ལི་ཡིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་སི་རི་ལན་ཁར་མ་འཇོག་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏི་ན་ཡིས་ཚེས28དང་ཚེས30ཉིན་ཧྲང་ཧའེ་རུ་འཚམས་འདྲི་བྱས། ཁོང་གིས་སི་རི་ལན་ཁས་ཧྲང་ཧའེ་ཡི་གྲོང་ཁྱེར་འཆར་འགོད་ཁྲོད་ནས་ཉམས་མྱོང་བསྡུ་ལེན་བྱེད་པ་དང་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་སི་རི་ལན་ཁར་མ་འཇོག་ལས་བསྐྲུན་བྱེད་པར་བསྐྱོད་རྒྱུའི་སྐུལ་ལྕག་བྱས་པ་ཡིན་ཞེས་བསྟན། ཚེས29ཉིན་གྱི་སྔ་དྲོ་ཀུའུ་ན་ཝ་ཏི་ན་སི་རི་ལན་ཁའི་ཚད་ལྡན་ཅུའུ་དང་ཀྲུང་གོའི་སྤུས་ཚད་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱི་རྣམ་གྲངས་གན་རྒྱ་འཇོག་པའི་ཚོགས་འདུར་ཞུགས། ཀུའུ་ན་ཝ་ཏི་ན་ཡིས་བསྟན་དོན། སི་རི་ལན་ཁ་དང་ཀྲུང་གོའི་མཛའ་གྲོགས་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད། “ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་སི་རི་ལན་ཁར་མ་འཇོག་བྱས་པའི་རྣམ་གྲངས་བསྐྲུན་དང་བསྐྲུན་བཞིན་ཡོད་པས་ང་ཚོར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུར་ཡིད་ཆེས་ཡོད་ཟེར། ཁོས་བཤད་རྒྱུར། “ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་ལས་མགྱོགས་པོ་ཡོད་པར་མ་ཟད། ཨེ་ཤེ་ཡའི་དཔལ་འབྱོར་སྒྲིག་གཞི་གཞན་དག་གི་འཕེལ་རྒྱས་ལ་རམ་འདེགས་ཀྱང་བྱེད་ཐུབ”ཟེར།

ཀུའུ་ན་ཝ་ཏི་ན་ཡིས་ཧྲང་ཧའེ་ནི་ཀྲུང་གོའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཁྱབ་ཁོངས་ནང་སྐད་གྲགས་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད། “ཧྲང་ཧའེ་དང་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོའི་བར་ལོ་མང་རིང་གི་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་ཡོད། ཁོ་ལོན་པོའི་གྲུ་ཁ་ནི་སི་རི་ལན་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་ཐོག་མར་འཆར་འགོད་བྱས་པ་ནས་བཟུང་ཀྲུང་གོའི་རྒྱབ་སྐྱོར་ཐོབ་ཡོད། ང་ཚོས་ཧྲང་ཧའེ་དང་ཁོ་ལོན་པོའི་བར་གྲུ་ཁ་འཛུགས་སྐྲུན་ཐད་ནས་བརྗེ་རེས་སྔར་ལས་མང་པོ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་ཧྲང་ཧའེ་ཡིས་ཁོ་ལོན་པོར་མ་འཇོག་སྡེབ་སྒྲིག་སྔར་ལས་མོང་པོ་བྱེད་རྒྱུར་ཡང་རེ་བ་བྱེད་བཞིན་ཡོད་ཟེར།

ཀུའུ་ན་ཝ་ཏེ་ན་ཡིས་སི་རི་ལན་ཁས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བཞིན་ཡོད་ཅེས་བསྐྱར་བསྒྲགས་བྱས། “འདས་ཟིན་པའི་ལོ70ལྷག་གི་རིང་ལ་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སི་རི་ལན་ཁས་རླབས་ཆེན་གྱི་ཀྲུང་གོ་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། སྤུས་ལེགས་ཀྱི་ཐོན་ཁུངས་སྔར་ལས་མང་པོ་མཁོ་འདོན་བྱས་ནས་ཀྲུང་གོའི་མ་འཇོག་མཁན་གྱི་ཡིད་དབང་འགུག་འདོད་ཡོད”ཅེས་བཤད།

ཧྲང་ཧའེ་རུ་མ་འབྱོར་གོང་ཀུའུ་ན་ཝ་ཏི་ན་ཡིས་ད་དུང་པེ་ཅིང་དང་ཧའེ་ནན་དུ་འཚམས་བྱས།