དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི28རྐྱེན་ལམ་དུ་ཤོར།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཟླ3པའི་ཚེས31ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི28རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས30ཉིན་གྱི་དགོང་མོར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི12རྐྱེན་ལམ་དུ་བཏང་བ་དང་། མི30རྨས། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་ཚེས31ཉིན་གྱི་ཞོགས་པར་དབྱི་སི་རལ་གྱི་དམག་དཔུང་གིས་གཅིག་བསྡུས་འགས་གཏོར་བྱས་ནས། ཉུང་མཐར་ཡང་མི13རྐྱེན་ལམ་དུ་བཏང་། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས31ཉིན་གྱི་ཞོགས་པར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི3རྐྱེན་ལམ་དུ་བཏང་བ་དང་། མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས31ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཨ་ཁི་སཱ་སྨན་ཁང་ཉེ་འདབས་ཀྱི་གནས་སྐབས་སྒར་ས་ཞིག་ལ་འགས་གཏོར་བཏང་ནས་མི་སྣ་མང་བོར་ཤི་རྨས་བཟོས། དེའི་ནང་གསར་འགོད་པ་འགར་རྨས་ཕོག་ཡོད་ཟེར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ3པའི་ཚེས18ཉིན་ཅཱ་ཧྲའི་ཞི་ཧྥ་སྨན་ཁང་དང་དེའི་ཉེ་འཁོར་ས་ཁུལ་དུ་བསྐོར་རྒོལ་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་མི400རྐྱེན་ལམ་དུ་ཤོར་བ་དང་། ཁང་བ་སྟོང་གཅིག་དང་ལྔ་བཅུར་གཏོར་བརླག་ཐེབས་ཡོད་ཟེར་ཡང་། དབྱི་སི་རལ་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།