དབྱི་སི་རལ་གྱི་མང་ཚོགས་ཀྱིས་མུ་མཐུད་དུ་ངོ་རྒོལ་བྱ་འགུལ་སྤེལ་ནས་སྔ་སྣུར་གྱིས་འདེམ་བསྐོ་བསྡུ་དགོས་པའི་རེ་བ་བཏོན།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་མང་ཚོགས་ཀྱིས་ཟླ3པའི་ཚེས31ཉིན་གྱི་དགོང་མོར་ཡེ་ལུའུ་སཱ་ལེམ་ནུབ་མ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལས་འགན་བསྐྱུར་ནས། གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་བསྟན་དོན། ཅཱ་ཧྲའི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་པའི་སྐབས་སུ་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་ན་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་སྲིད་པའི་ཚུལ་བསྟན།

ངོ་རྒོལ་བྱ་འགུལ་གྱི་རྩ་འཛུགས་མཁན་གྱིས་བཤད་རྒྱུར། མང་ཚོགས་འབུམ་གཅིག་ཙམ་ཉིན་དེར་ཡེ་ལུའུ་སཱ་ལེམ་ནུབ་མའི་དབྱི་སི་རལ་གྱི་གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཕྱི་རོལ་དུ་འདུས་ཡོད་པ་དང་། ཁོ་ཚོས་སྲིད་གཞུང་གིས་མགྱོགས་མྱུར་ངང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྲོས་མཐུན་བཀོད་དེ། བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་ཕྱིར་གཏོང་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཚེས30ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་མང་ཚོགས་སྟོང་ཕྲག་འགའ་ཡིས་ཐི་ལཱ་ཝེ་ཧྥུའུ་དང་པེ་ཨར་ཞེ་པཱ། ཁའེ་སཱ་ལི་ཡཱ་སོགས་གྲོང་ཁྱེར་དུ་ཁྲོམ་སྐོར་བྱ་འགུལ་སྤེལ་ནས། སྲིད་གཞུང་གཏོར་ནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས31ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཅཱ་ཧྲའི་འཁྲུག་རྩོད་མུ་མཐུད་དུ་སྤེལ་སྐབས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་ན་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་སྲིད་ལ། ཧཱ་མཱ་སི་ཡིས་དོན་དེར་དགའ་བསུ་ཆེན་པོ་བྱེད་སྲིད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། དབྱི་སི་རལ་སྲིད་གཞུང་གིས་ཧུར་ཐག་སྒོས་བཀག་འཇུག་ཐེབས་པའི་མི་ཚང་མ་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་ཏུ་འཇུག་དགོས་ཀྱང་། ཧཱ་མཱ་སིའི་རེ་བ་ཡོད་ཚད་ངེས་པར་དུ་དང་ལེན་བྱེད་དགོས་པའི་ངེས་པ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།