ཕཱ་ལེ་སི་ཐན་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཕཱ་ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐཱ་ཧྥ་ཡིས་མགོ་ཁྲིད་པའི་སྐབས་གསར་བའི་ཕཱ་ལེ་སི་ཐན་སྲིད་གཞུང་གིས་ཟླ3པའི་ཚེས31ཉིན་གྱི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྲིད་གཞུང་གསར་བར་པུའུ་ཀྲང23ཡོད་པ་དང་། དེའི་ནང་མི6ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་ཕཱ་ལེ་སི་ཐན་གྱི་མི་ཡིན་ལ། ཙུང་ལི་མུའུ་སི་ཐཱ་ཧྥ་ཡིས་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཡང་ཁུར་ཡོད།

ད་ལོའི་ཟླ2པའི་ཚེས26ཉིན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་སྐབས་དེའི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་སྤྲད་པའི་སྲིད་གཞུང་གི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་པ་དང་། ཨ་ཧྲི་ཐིས་ཡེའི་སྲིད་གཞུང་གིས་སྲིད་གཞུང་གསར་བ་འཛུགས་རག་བར་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཟླ3པའི་ཚེས14ཉིན། ཨ་པཱ་སི་ཡིས་མུའུ་སི་ཐཱ་ཧྥ་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། ཟླ3པའི་ཚེས28ཉིན། མུའུ་སི་ཐཱ་ཧྥ་ཡིས་ཨ་པཱ་སི་ལ་སྲིད་གཞུང་གསར་བའི་རྩ་འཛུགས་ཇུས་གཞི་སྤྲད་པ་དང་། ཨ་པཱ་སི་ཡིས་དེའི་རྗེས་སུ་བཅའ་ཁྲིམས་བཀའ་རྒྱ་སྤེལ་ཏེ་ཆོག་མཆན་བཀོད། སྲིད་གཞུང་གསར་བའི་རྩ་འཛུགས་ཇུས་གཞི་ལས་ཁས་ལེན་བྱཡ་པའི་ལས་འགན་གཙོ་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དང་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་གནས་བབ་གཏན་འཇགས་སུ་གཏོང་བ་སོགས་འདུ།


བསོད་ནམས་ཚེ་རིང་གིས་བསྒྱུར།