མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་མཁོ་མེད་དངོས་རྫས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ3པའི་ཚེས30ཉིན་ནི་རྒྱལ་སྤྱིའི་མཁོ་མེད་དངོས་རྫས་མེད་པའི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་མཉམ་དུ་མཁོ་མེད་དངོས་རྫས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོའི་གོ་ལ་འདི་གད་སྙིགས་ཀྱིས་སྣུབ་བཞིན་ཡོད་པ་དང་། ལོ་རེར་བྱུང་བའི་གྲོང་ཁྱེར་གྱི་སྲ་གཟུགས་མཁོ་མེད་དངོས་རྫས་ཏུན་ཐེར་འབུམ་གཉིས་ལས་བརྒལ་ཡོད་ལ། དེས་སའི་གོ་ལའི་ནམ་ཟླ་དང་སྐྱེ་ཁམས་མ་ལག མིའི་རིགས་ཀྱི་བདེ་ཐང་བཅས་ལ་གནོད་འཚེ་རང་བཞིན་ལྡན་པའི་མཇུག་འབྲས་བཟོ་བཞིན་ཡོད། མཁོ་མེད་དངོས་རྫས་མེད་པར་གཏོང་སྐབས་རླུང་ཁམས་ཆེན་མོའི་ནང་སའི་གོ་ལ་ཇེ་དྲོར་འགྲོ་བའི་དྲོད་རླངས་གཏོང་བར་མ་ཟད། ད་རུང་ཆུ་དང་ས་གཤིས་ལའང་སྦགས་བཙོག་བཟོས་ནས། ཚེ་སྲོག་ལ་གཙེས་པའི་ནད་ཡམས་འབྱུང་དུ་འཇུག་སྲིད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཚད་བརྒལ་འཛད་སྤྱོད་ཀྱིས་མིའི་རིགས་ལ་བར་ཆད་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་སྤྱད་ནས་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། ཁོས་ཁེ་ལས་དག་རྒྱུན་མཐུད་ཐོན་སྐྱེད་ཀྱི་ཕྱོགས་སུ་སྤོར་སྒྱུར་བྱེད་དགོས་པ་དང་། ཐོན་རྫས་ཐོན་སྐྱེད་བྱེད་སྐབས་ཚད་ཆེན་པོས་ཐུམ་རྒྱག་ཆུད་ཟོས་ཇེ་ཉུང་དུ་བཏང་སྟེ། ཐོན་རྫས་ཀྱི་བེད་སྤྱོད་ཡུན་ཚད་གང་ནུས་ཀྱིས་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་འཛད་སྤྱོད་པས་དངོས་རྫས་ཉོ་སྐབས་བསམ་བློ་ཡག་པོ་བཏང་ནས། གང་ནུས་ཀྱིས་ཡང་བསྐྱར་བསྡུས་ཆོག་པའི་ཐོན་རྫས་དག་ཡང་བསྐྱར་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ད་རུང་སྲིད་གཞུང་གི་འགུལ་སྐྱོད་ཀྱི་འཁོར་སྐྱོད་དཔལ་འབྱོར་ཐད་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཁོས་བཅའ་ཁྲིམས་ཀྱི་བཀག་རྒྱ་ལྡན་པའི་ཆིངས་ཡིག་ལ་བརྟེན་ནས། འགྱིག་ཤོག་སྦགས་བཙོག་གི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

2022ལོའི་ཟླ12པའི་ཚེས14ཉིན། སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ3པའི་ཚེས30ཉིན་དེ་རྒྱལ་སྤྱིའི་མཁོ་མེད་དངོས་རྫས་མེད་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།