ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཟླ3པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱིས་ཨུ་རུ་སིར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ནང་ཞུགས་པའི་མི་སྣ་ཚང་མ་འཛིན་བཟུང་བྱས་ནས་སྐྱེལ་དགོས་པའི་རེ་བ་བཏོན།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་རང་གི་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། ཟླ3པའི་ཚེས22ཉིན་མའོ་སི་ཁོའི་ཉེ་འདབས་ཀྱི་རོལ་དབྱངས་ཚོམས་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེ་ནི་ཉེ་བའི་ལོ་འགའི་རིང་ཨུ་རུ་སིར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐོག་མ་མིན། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་རྟོག་ཞིབ་བྱས་པ་ལྟར་ན། དོན་རྐྱེན་དེའི་ནག་ཉེས་རྗེས་ཤུལ་ཚང་མ་ཝུའུ་ཁི་ལན་ལ་ཁ་ཕྱོགས་ཡོད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་ཉེ་བའི་ལོ་འགའི་རིང་ལ་ཨུ་རུ་སི་ནས་བྱུང་བའི་འཇིགས་སྐུལ་དོན་རྐྱེན་མང་བོ་དང་དེ་ལས་བཟོས་པའི་མི་སྣའི་ཤི་རྨས་གནས་ཚུལ་དཔེར་དྲངས་ཡོད་ལ། མི42ལ་རྨས་ཕོག་པའི་ཧྲིན་པིས་ཏི་པའོ་འཚིག་ཇ་ཁང་གི་འགས་གཏོར་དོན་རྐྱེན་དང་ཨུ་རུ་སིའི་རྩོམ་པ་པོ་ཕུའུ་ལི་ལེ་ཕེང་ལ་རླངས་འཁོར་འགས་གཏོར་བྱུང་ནས་རྨས་ཕོག་པའི་དོན་རྐྱེན་སོགས་འདུས།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཀྱི་འགས་གཏོར་བཀག་འགོག་བྱེད་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་འཇིགས་སྐུལ་རིང་ལུགས་ལ་མ་དངུལ་རོགས་སྐྱོར་འདོན་སྤྲོད་བྱེད་པར་གཏན་འགོག་བྱེད་པའི་རྒྱལ་སྤྱིའི་སྤྱི་ཆིངས་ལྟར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱིས་མྱུར་མོར་བྱེད་ཐབས་སྤྱད་དེ། ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་མཱ་ལིའུ་ཁི་དང་བཅས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་ཞུགས་པའི་མི་སྣ་ཚང་མ་འཛིན་བཟུང་བྱས་ནས་ཨུ་རུ་སིར་སྐྱེལ་དགོས་པའི་རེ་བ་བཏོན། མཱ་ལིའུ་ཁི་ཡིས་ཉེ་སྔོན་ཁི་ལི་མུས་ཡཱ་ཟམ་ཆེན་གྱི་འགས་གཏོར་དོན་རྐྱེན་དེ་ཝུའུ་ཁི་ལན་ལ་འབྲེལ་བ་ཡོད་པ་ཁས་ལེན་བྱས་ཡོད་ལ། ཨུ་རུ་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གཞན་པ་བཟོས་པའི་བྱེ་བྲག་གི་ནང་དོན་གསལ་བསྒྲགས་བྱས་ཡོད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་རྒྱལ་ཁབ་སོ་སོའི་འགན་འཁྲི་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་མྱུར་མོར་འཇིགས་སྐུལ་བྱ་འགུལ་གང་རུང་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་པ་དང་། དོན་རྐྱེན་བཟོ་མཁན་སྤྲོད་དགོས་པར་མ་ཟད་གནོད་ཐེབས་མཁན་ལ་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་པར་མ་ཟད། ཝུའུ་ཁི་ལན་གྱིས་འཇིགས་སྐུལ་ངོ་རྒོལ་གྱི་སྤྱི་ཆིངས་གཏན་འཁེལ་གྱི་འོས་འགན་དང་འགལ་ཡོད་པས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།