རོ་མཱ་ནི་ཡཱ་དང་པུར་ཀ་རི་ཡཱའི་ཧྲིན་ཀིན་ས་ཁུལ་དུ་ཞུགས་པའི་གྲོས་མཐུན་སྐོར་ཞིག་ནུས་ལྡན་དུ་གྱུར།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས31ཉིན་ནས་བཟུང་རོ་མཱ་ནི་ཡཱ་དང་པུར་ཀ་རི་ཡཱའི་ཧྲིན་ཀིན་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་བར་གྱི་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་བར་སྣང་དང་མཚོ་ཐོག་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣར་ཞིབ་བཤེར་བྱེད་རྒྱུ་མ་རེད།

རོ་མཱ་ནི་ཡཱའི་ནང་སྲིད་པུའུ་ཀྲང་ཕུའུ་ལོས་ཏའོ་ཡུག་གིས་ཟླ3པའི་ཚེས31ཉིན་བསྟན་དོན། ཉིན་དེ་ནས་བཟུང་རོ་མཱ་ནི་ཡཱའི་ཧྲིན་ཀིན་ཁོངས་གཏོགས་རྒྱལ་ཁབ་ཏུ་གཏོང་བའི་གནམ་གྲུའི་སྟེང་གི་འགྲུལ་བ་དག་ལ་མཐའ་མཚམས་ཞིབ་བཤེར་བྱེད་རྒྱུ་མིན་པ་དང་། མཚོ་ཐོག་གི་ཧྲིན་ཀིན་ས་ཁུལ་དུ་ཞུགས་པ་ལས་ཁང་སི་ཐན་ཁྲ་གྲུ་ཁར་འགུག་ཤུགས་སྔར་ལས་ཆེན་པོ་ལྡན་སྲིད་ཟེར། ཁོས་ད་རུང་བསྟན་དོན། རྒྱལ་ཁོངས་བརྒལ་བའི་ནག་ཉེས་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་སྔོན་འགོག་བྱེད་ཆེད་ཉེན་རྟོག་ཕྱོགས་ཀྱིས་མི་སྒེར་ལ་ཞིབ་བཤེར་བྱེད་ངེས་ཡིན་ཟེར།

པུའུ་ཅཱ་ལེ་སི་ཐི་རྒྱལ་ཁབ་གནམ་གྲུ་ཐང་ཀུང་ཟིའི་མགྲིན་ཚབ་པ་ཡའོ་ཨར་ཏཱ་ཁའེ་ཡིས་ཉིན་དེར་བཤད་རྒྱུར། གོང་གི་ཆོད་དོན་དེ་ནུས་ལྡན་དུ་གྱུར་རྗེས། པུའུ་ཅཱ་ལེ་སི་ཐི་ཧིན་ལེ་ཁི་ཨན་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་རྒྱལ་མཚམས་ཚོད་འཛིན་མི་ཐེབས་པར་མངའ་ཁོངས་སུ་ཡོང་བའི་རོ་མཱ་ནི་ཡཱའི་གནམ་གྲུ་ནི་ཝེ་ཡེ་ནཱ་ནས་ལམ་དུ་ཆས་པའི་ཨོ་སི་ཁྲུ་རི་ཡཱའི་མཁའ་འགུལ་ཀུང་ཟིའི་གནམ་གྲུ་ཡིན་ཟེར།

པུར་ཀ་རི་ཡཱ་ཡིས་ཟླ3པའི་ཚེས31ཉིན་དཔོན་ཕྱོགས་བྱ་འགུལ་སྤེལ་ཏེ། པུར་ཀ་རི་ཡཱ་ཧྲིན་ཀིན་ས་ཁུལ་ནང་ཞུགས་པའི་གྲོས་མཐུན་སྐོར་ཞིག་ནུས་ལྡན་དུ་གྱུར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་པུར་ཀ་རི་ཡཱ་རུ་སྡོད་པའི་འཐུས་མིའི་ཁྲུའུ་ཡི་འགན་ཁུར་བ་ཆའོ་པཱ་ནོའུ་ཝ་ཡིས་བྱ་འགུལ་སྟེང་བསྟན་དོན། ཧྲིན་ཀིན་ས་ཁུལ་ནང་ཞུགས་པའི་གྲོས་མཐུན་སྐོར་ཞིག་ནུས་ལྡན་དུ་གྱུར་བ་ལས་པུར་ཀ་རི་ཡཱ་ལ་གནས་སྐོར་དང་ཉོ་ཚོང་། ནང་ཁུལ་ཚོང་ར་སོགས་ཀྱི་གསར་སྤེལ་གོ་སྐབས་སྔར་ལས་མང་བོ་ཐོབ་སྲིད་ལ། མི་རྣམས་ཀྱི་འཚོ་བར་ཐད་ཀར་དུ་ཤུགས་རྐྱེན་ཐེབས་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།