འཇར་པན་གྱི་ཡན་ཧྲིའུ་རྫོང་གི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་པན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་གྱི་ཡན་ཧྲིའུ་རྫོང་བྱང་ངོས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚེས2ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་བ་དང་། ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་ཁ་མེད་ཟེར།

འཇར་པན་གནམ་གཤིས་བརྟག་དཔྱད་ཐིན་གྱིས་བཤད་རྒྱུར། ས་ཡོམ་དེ་ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད4དང་སྐར་མ24སྟེང་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ80ཡོད། ས་ཡོམ་བྱུང་སྐབས་ཡན་ཧྲིའུ་རྫོང་དང་ཆིན་སུན་རྫོང་གི་ས་ཁུལ་སྐོར་ཞིག་ལ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་། ཡན་ཧྲིའུ་རྫོང་དང་ཆིན་སུན་རྫོང་གི་ཉེན་རྟོག་པུའུ་ཡིས་བསྟན་དོན། མིག་སྔའི་བར་དུ་ས་ཡོམ་ལས་གནོད་འཚེ་ཐེབས་པའི་ཉེན་བརྡ་འབྱོར་མེད་ཟེར། འཇར་པན་ཏུང་ཅིང་གློག་ཤུགས་ཀུང་ཟིས་བསྒྲགས་པ་ལྟར་ན། ཆིན་སུན་རྫོང་ཏུང་ཐུང་སྡེ་བར་གནས་པའི་ཏུང་ཐུང་ཉིང་རྡུལ་གློག་འདོན་ས་ཚུགས་སུ་ས་ཡོམ་བྱུང་རྗེས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་བྱུང་མེད་ཟེར། འཇར་པན་ཉིང་རྡུལ་གློག་འདོན་ཀུང་ཟིས་བཤད་རྒྱུར། ཆིན་སུན་རྫོང་ལིའུ་སུའུ་སྡེ་བའི་ཉིང་རྡུལ་མཁོ་མེད་རྒྱུ་ཆའི་ཐག་གཅོད་བཟོ་གྲྭར་ཡང་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་མེད་ཟེར།

འཇར་པན་ནི་འཛམ་གླིང་སྟེང་ས་ཡོམ་མང་དུ་འབྱུང་སའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཡོམ་ས་ཁུལ་དུ་གནས་བས་ས་ཡོམ་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།