ཁོང་གོ་ཅིན་གྱིས་བུད་མེད་ཙུང་ལི་ཐོག་མ་བསྐོ་འཇོག་བྱས།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོང་གོ་ཅིན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས1ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་རྒྱལ་སྲིད་པུའུ་ཀྲང་ངམ་འཆར་འགོད་པུའུ་ཀྲང་ཀྲུའུ་ཏིས་སི་ཐུའུ་ལུའུ་ཁཱ་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱས། ཀྲུའུ་ཏིས་སི་ཐུའུ་ལུའུ་ཁཱ་ནི་ཁོང་གོ་ཅིན་གྱི་བུད་མེད་ཙུང་ལི་ཐོག་མ་རེད།

ཀྲུའུ་ཏིས་སི་ཐུའུ་ལུའུ་ཁཱ་བསྐོ་འཇོག་བྱས་རྗེས་སྨྱན་བྱད་ལ་བཤད་རྒྱུར། ངས་རང་གི་ལས་འགན་ཧ་ཅང་ལྗིད་པ་གསལ་བོར་རྟོགས་ཡོད་ཀྱང་། ཙུང་ཐུང་ཆི་སེ་ཁི་ཏིས་ཀྱི་རྒྱབ་སྐྱོར་འོག་ང་ཚོས་དམིགས་འབེན་མངོན་འགྱུར་བྱེད་ངེས་ཡིན་ཟེར།

ཀྲུའུ་ཏིས་སི་ཐུའུ་ལུའུ་ཁཱ་ཡིས་སྔོན་ཆད་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་སུ་བྱ་བ་ལས་མྱོང་། 2023ལོའི་ཟླ3པར། ཀྲུའུ་ཏིས་སི་ཐུའུ་ལུའུ་ཁཱ་ཁོང་གོ་ཅིན་གྱི་རྒྱལ་སྲིད་པུའུ་ཀྲང་ངམ་འཆར་འགོད་པུའུ་ཀྲང་ལ་བསྐོ་འཇོག་བྱས་པ་རེད།

2023ལོའི་ཟླ12པའི་ཚེས20ཉིན། ཁོང་གོ་ཅིན་གྱིས་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཆི་སེ་ཁི་ཏིས་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ད་ལོའི་ཟླ་དང་པོའི་ཚེས20ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། སྐབས་དེའི་ཙུང་ིལ་ལུའུ་ཁུང་ཏི་འདུས་པའི་སྲིད་གཞུང་གི་ཁོངས་མི31གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་དམངས་གྲོས་ཁང་གི་གྲོས་མིར་བདམས་པ་རེད། ཁོང་གོ་ཅིན་གྱི་རྩ་ཁྲིམས་ལྟར་ན། རྒྱལ་དམངས་གྲོས་ཁང་གི་གྲོས་མིས་རྒྱལ་ཁབ་སྤྱི་གཞུང་གི་ལས་འགན་ཞོར་དུ་ཁུར་མི་ཆོག་པས། ཟླ2པའི་ཚེས20ཉིན། ལུའུ་ཁུང་ཏི་ཡིས་ཆི་སེ་ཁི་ཏིས་ལ་ལས་འགན་ཁུར་མཚམས་འཇོག་པའི་སྙན་ཞུ་སྤྲད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།