དབྱི་ལིང་དང་སི་རི་ཡཱ་ཡིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཟླ4པའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ནས། དབྱི་སི་རལ་གྱིས་ཉིན་དེའི་སྔ་དྲོར་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པའི་ཡ་ང་བའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། མཱེ་ཁི་ཏཱ་ཏི་ཡིས་ཁ་པར་གཏོང་སྐབས་བར་སྣང་འཇབ་རྒོལ་དོན་རྐྱེན་དེར་ཁ་ཚིག་དྲག་པོས་རྒོལ་གཏམ་བཏང་བར་མ་ཟད། དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱབ་འགལ་དུ་སོང་ཡོད་ལ། ཁྱད་པར་དུ1961ལོའི་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་ལ་འགལ་ཡོད་ཟེར།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པ་དེས་རྒྱལ་སྤྱིའི་འོས་འགན་དང་སྤྱི་ཆིངས་ཚང་མར་འགལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ནག་ཉེས་བྱ་སྤྱོད་དེར་རྒོལ་ལན་དྲག་པོ་གཏོང་དགོས་ཟེར།

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེ་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་དང་རྩ་བ་ནས་འགལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁ་ཚིག་དྲག་པོས་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་པར་མ་ཟད། འཇབ་རྒོལ་མཁན་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར། ཁཱ་ནཱ་ནེ་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་ལན་སྤྲོད་པའི་དབང་ཆ་སོར་འཇོག་བྱེད་རྒྱུ་ཡིན་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་ཨ་ཁི་པཱ་ལི་ཡིས་ཚེས1ཉིན་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་ནས་འཕུར་མདའ་དྲུག་གཏོང་འཕེན་བྱས་པ་དང་། འཇབ་རྒོལ་དམིགས་འབེན་ནི་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་ཡོད་པའི་དབྱི་ལིང་གཞུང་ཚབ་ཁང་རེད། འཇབ་རྒོལ་བྱེད་སྐབས་ཁོ་རང་གཞུང་ཚབ་ཁང་གི་གཞུང་ལས་ཁང་ན་ཡོད་པ་དང་། ཐོག་ཁང་ལ་བར་སྣང་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་པ་དངོས་སུ་མཐོང་། ཐེངས་འདིའི་འཇབ་རྒོལ་ནི་དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་ཤིག་རེད། དབྱི་སི་རལ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། དབྱི་ལིང་གིས་དགོས་ངེས་ཀྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས1ཉིན་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་བཀོད་འདོམ་དཔོན་པོ་གཅིག་དང་དེའི་ལག་རོགས་པ་འདུས་པའི་མི5རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི12ལ་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།