ཅོར་ཏན་དང་ཨེ་ཅིབ་ཀྱིས་ངེས་པར་དུ་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པ་ནན་བཤད་བྱས།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཟླ4པའི་ཚེས1ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ངེས་པར་དུ་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པ་ནན་བཤད་བྱས།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ངེས་པར་དུ་བསྟུད་མར་སྐམ་སའི་རྒྱུ་ལམ་སྒོ་འབྱེད་དང་བཀག་རྒྱ་མེད་པར་གཏོང་བར་སྐུལ་འདེད་བཏང་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བྲེལ་མྱུར་ངང་ཅཱ་ཧྲའི་དགོས་མཁོ་ཡོད་པའི་ས་ཁུལ་སོ་སོར་སྐྱེལ་དུ་འཇུག་དགོས་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་བྱུང་བའི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་དང་། ཅོར་ཏན་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་སོ་སོའི་བར་གྱི་མཐུན་སྦྱོར་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་རྣམས་ཡུལ་འཁྱམས་བྱེད་དུ་འཇུག་པའི་གཡོ་ཇུས་གང་རུང་ཁས་ལེན་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ཁ་བྲལ་དུ་གཏོང་བའི་གཡོ་ཇུས་ལ་ངོ་རྒོལ་བྱེད་པར་མ་ཟད། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ལཱ་ཧྥ་གྲོང་ཁྱེར་སྤྱད་པའི་དམག་དོན་འགུལ་སྐྱོད་གང་རུང་ལས་ཉེན་ཁའི་མཇུག་འབྲས་འབྱུང་སྲིད་པའི་ཉེན་བརྡ་བཏང་།

ཕྱོགས་གཉིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ཆབ་སྲིད་ཀྱི་མདུན་ལྗོངས་ཤིག་འཚོལ་ཞིབ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།