ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་རྒྱལ་སྤྱིའི་རྒུད་སྐྱོབ་མི་སྣར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་བཏང་།
2024.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་སེ་རོའུ་ཨར་ནེ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་རྒྱལ་སྤྱིའི་རྒུད་སྐྱོབ་མི་སྣ་མང་བོར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།

སེ་རོའུ་ཨར་ནེ་ཡིས་ཉིན་དེར་ཕཱ་རེ་སི་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས། སེ་རོའུ་ཨར་ནེ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མི་སྣར་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཚང་མས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་ཀུན་སྤྱོད་དང་བཅའ་ཁྲིམས་ཀྱི་རྩ་དོན་ཡིན། དབྱི་སི་རལ་གྱིས་རང་གིས་བཟོས་པའི་ཡིད་སྐྱོ་བའི་དོན་རྐྱེན་དེར་ཁ་གཡོར་ས་གང་རུང་བཙལ་ནས་འགྲེལ་བརྗོད་བྱེད་ཐབས་མེད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ཏེ། དགེ་སྒྲུབ་རྩ་འཛུགས་འཛམ་གླིང་ཀྲུང་དབྱང་ཟ་ཁང་གི་ལས་བྱེད་མི་སྣ་བདུན་རྐྱེན་ལམ་དུ་ཤོར།

པུའུ་ལིན་ཁུན་གྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱིས་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་ཅཱ་ཧྲ་ས་ཁུལ་གྱི་ཉེས་མེད་མི་སེར་དཀྱུས་མར་སརྭང་སྐྱོབ་བྱེད་དགོས་པ་དང་། ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་བྱིས་པ་དང་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མི་སྣར་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་དབྱི་སི་རལ་གྱིས་འགས་གཏོར་དོན་རྐྱེན་དེར་མྱུར་མོར་དྲང་བདེན་ངང་རྟོག་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

སེ་རོའུ་ཨར་ནེ་དང་པུའུ་ལིན་ཁུན་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པ་བསྐྱར་སྒྲོག་བྱས། པུའུ་ལིན་ཁུན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་སི་རལ་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྔར་ལས་མང་བོ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས་པའི་རེ་བ་བཏོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།