འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་གཟའ་འཁོར་གཉིས་ཀྱི་ནང་ཞི་ཧྥ་སྨན་ཁང་གི་མཐའ་བསྐོར་ནས་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་དུ་གཏོར་བཤིག་བཏང་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧཱ་ལི་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཞི་ཧྥ་སྨན་ཁང་གི་ཡོན་ཀྲང་གིས་ང་ཚོར་བཤད་རྒྱུར། ཞི་ཧྥ་སྨན་ཁང་མིང་གི་ལྷག་མར་གྱུར་ཡོད་པ་དང་། དེས་སྨན་ཁང་གི་བྱེད་ནུས་གང་ཡང་འདོན་ཐབས་མེད་ཟེར།
ཧཱ་ལི་སི་ཡིས་བཤད་རྒྱུར། ཞི་ཧྥ་སྨན་ཁང་ནི་རིམ་པ་གསུམ་པའི་སྨན་བཅོས་ལྟེ་གནས་ཆེ་གྲས་ཤིག་ཡིན་ཞིང་། སྔོན་ཆད་ནད་ཁྲི་བདུན་བརྒྱ་དང་ལྔ་བཅུ་དང་གཤགས་བཅོས་ཁང་ཉེར་ལྔ། ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་སུམ་ཅུ་བཅས་ཡོད་ལ། ནད་པར་སྨན་བཅོས་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་ཐུབ། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་གཟའ་འཁོར་གཉིས་ནང་སྨན་ཁང་དེའི་མཐའ་བསྐོར་ནས་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་གི་སྲོག་ཤིང་གཏོར་བཤིག་བཏང་ཡོད་ལ། དེའི་ཁྲོད་ཉུང་མཐར་ཡང་ནད་པ་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟུད་མར་ཉིན་འགའི་རིང་ཞི་ཧྥ་སྨན་ཁང་དང་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྨན་བཅོས་བྱེད་སར་སྨན་རྫས་དང་འབར་རྫས། ཟས་རིགས་བཅས་སྐྱེལ་རྩིས་བྱས་ཀྱང་། རྒུད་སྐྱོབ་ལས་འགན་མང་བོ་དང་ལེན་བྱས་མེད། ཧཱ་ལི་སི་ཡིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།