དབྱི་ལིང་གི་ཆེས་མཐོའི་མགོ་ཁྲིད་པས་དབྱི་སི་རལ་གྱིས་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པར་ཆད་གཅོད་ནན་མོ་བྱེད་རྒྱུའི་ཚུལ་བསྟན།
2024.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་དམིགས་པའི་འཕུར་མདའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། དབྱི་སི་རལ་གྱི་ནག་ཉེས་བྱ་སྤྱོད་དེར་ཆད་གཅོད་ནན་མོ་གཏོང་རྒྱུ་ཡིན་ཟེར།

ཧཱ་མཱེ་ནེ་དབྱེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་སི་རལ་ལ་ཆད་གཅོད་བྱས་ཏེ། ཁོ་ཚོས་ནག་ཉེས་བྱ་སྤྱོད་དེ་འདྲ་སྤེལ་བར་བློ་འགྱོད་སྐྱེས་སུ་འཇུག་རྒྱུ་ཡིན་ཟེར།

དབྱི་ལིང་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་གསལ་སྒྲོག་གསྤེལ་ཏེ། ཙུང་ཐུང་ལའེ་ཞེ་ཡིས་དབྱི་སི་རལ་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་མངོན་སུམ་འཛེམ་མེད་ཀྱི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་། ལའེ་ཞེ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་བྱ་སྤྱོད་བཟོས་ན། དབྱི་ལིང་གིས་སྣང་མེད་དུ་བསྐྱུར་བ་མི་སྲིད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་གྲོས་ཚོགས་བསྡུས་ཏེ། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་དགོས་ངེས་ཀྱི་ཆོད་དོན་སྤེལ། ཙུང་ཐུང་ལའེ་ཞེ་དང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ཧཱ་མེད་ཏིས་ཨན་སོགས་གྲོས་ཚོགས་ལ་ཞུགས།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་འབྲེལ་ལས་ཁུངས་དང་ཕྱི་འབྲེལ་མི་སྣར་འཇབ་རྒོལ་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།