མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།
2024.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཉིས་ཉིན་ཁོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་གནས་ཚུལ་ག་འདྲའི་འོག་ཏུའང་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་སྲོལ་ལས་གཏན་འཁེལ་བྱས་པའི་ཕྱི་འབྲེལ་ལས་ཁུངས་དང་ཕྱི་འབྲེལ་མི་སྣར་གནོད་པ་གཏོང་མི་རུང་བའི་རྩ་དོན་བརྩི་སྲུང་བྱེད་དགོས་ལ། ཕྱོགས་སོ་སོས་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ཁྲིམས་སྲོལ་གཏན་འཁེལ་བརྩི་སྲུང་བྱེད་དགོས་ཟེར། ཁོས་འབྲེལ་ཡོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མར་གནོད་སྐྱེལ་བ་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་འཇབ་རྒོལ་བྱ་སྤྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་རང་ཚོད་བཟུང་སྟེ། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ནོར་འཆུག་གི་བྱ་སྤྱོད་གང་རུང་ལས་ས་ཁུལ་རང་གི་འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་སོང་ནས། མི་སེར་དཀྱུས་མར་དམིགས་པའི་ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད་པའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།