དབྱི་སི་རལ་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་དེ་ལས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། དོན་རྐྱེན་དེ་བྱུང་རྗེས། རྒྱལ་ཁབ་མང་བོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་དབྱི་སི་ལན་མཉམ་ལས་རྩ་ཛའུགས་ཀྱི་དྲུང་ཡིག་ཆེན་མོ་ཐཱ་ཧཱ་གཉིས་ཀྱིས་ཚེས་གཅིག་ཉིན་གྱི་དགོང་མོར་ཁ་པར་གྲོས་མོལ་བྱས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་དབྱི་ལིང་གི་ཕྱི་འབྲེལ་ལས་ཁུངས་ལ་བར་སྣང་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྤྱི་ཆིངས་ལ་འགལ་ཡོད་ཟེར། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་ནག་ཉེས་དེར་མྱུར་མོར་རྒོལ་ལན་སྤྲོད་དགོས་པའི་འབོད་སྐུལ་བཏང་།
ཐཱ་ཧཱ་ཡིས་དབྱི་ལིང་སྲིད་གཞུང་དང་མི་དམངས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པར་མ་ཟད། དབྱི་སི་རལ་གྱིས་ཕྱི་འབྲེལ་ལས་ཁུངས་ལ་བར་སྣང་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་།
ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་སུའུ་ཧྥེ་ཨན་ཀུའུ་ཏཱ་ཡིས་ཚེས་གཅིག་ཉིན་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་ཀྱིས་སྲུང་སྐྱོབ་བྱེད་པའི་ཕྱི་འབྲེལ་ཁང་གི་བླ་མེད་རང་བཞིན་ལ་གནོད་པ་ཐེབས་ཡོད་ཟེར།
དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཐེངས་འདིའི་བྱ་སྤྱོད་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་པ་དང་། སི་རི་ཡཱའི་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་པ་བཟོས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ས་ཁུལ་གྱི་འཁྲུག་རྩོད་ཁྱབ་ཁོངས་ཇེ་ཆེར་སོང་བ་ལས་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་རྙོག་འཛིང་དང་གཏན་འཇགས་མིན་པའི་རང་བཞིན་སྔར་ལས་ཇེ་མང་དུ་སོང་ཡོད་ཟེར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་དང་སི་རི་ཡཱ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་རྒྱལ་སྤྱིའི་གྲོས་མཐུན་དང་ཕྱི་འབྲེལ་རྩ་དོན་ལ་འགལ་ཡོད་ཟེར། གསལ་སྒྲོག་ལས་བསྟན་དོན། ཁཱ་ཐར་གྱིས་ཕྱི་འབྲེལ་ཚོགས་པར་འཇབ་རྒོལ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ངེས་པར་དུ་ཕྱི་འབྲེལ་ཚོགས་ཁག་གི་མི་སྣར་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་ནི་སི་རི་ཡཱའི་བདག་དབང་ལ་དམིགས་པའི་དང་ལེན་བྱེད་ཐབས་མེད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། དེས་སི་རི་ཡཱའི་གཏན་འཇགས་དང་བདེ་འཇགས་ལ་གཏོར་བརླག་བྱས་ཡོད་པས། དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་བྱ་སྤྱོད་དེས་མ་གཞི་ནས་ཟང་ཟིང་ཡིན་པའི་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་བཏང་ཡོད་ལ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱིས་ས་ཁུལ་དེར་ཉེན་ཁའི་བྱ་སྤྱོད་སྤེལ་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་ཕྱི་རྒྱལ་གྱི་ཕྱི་འབྲེལ་ལས་ཁུངས་ལ་དམིགས་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བར་མ་ཟད། སོ་ཏི་ཨ་རབ་ཀྱིས་ཕྱི་འབྲེལ་ལས་ཁུངས་ལ་དམིགས་པའི་འཇབ་རྒོལ་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། བྱ་སྤྱོད་དེ་རིགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱི་འབྲེལ་གྱི་རྩ་དོན་ལ་འགལ་ཡོད་པའི་ཚུལ་བསྟན།
ལེ་པཱ་ནུན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཐེངས་འདིའི་འཇབ་རྒོལ་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་འཇིགས་ཉེན་བཟོས་ཡོད་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་གཉིས་ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་ཀྱིས་དབྱི་སི་རལ་གྱི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་གཏོང་བཞིན་ཡོད་པར་མ་ཟད། ཕྱི་འབྲེལ་ལས་ཁུངས་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། དེ་ནི་སི་རི་ཡཱའི་བདག་དབང་ལ་གནོད་སྐྱེལ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་མངོན་གསལ་རེད་ཟེར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱི་བྱ་སྤྱོད་ལས་ས་ཁུལ་གྱི་འཁྲུག་རྩོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་གཏོང་སྲིད་པར་མ་ཟད། ས་ཁུལ་དེ་རྙོག་འཛིང་གི་གནས་སུ་ལྷུང་དུ་འཇུག་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད།
དེ་ལས་གཞན་ཨ་མན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨུ་རུ་སི་སོགས་ཀྱིས་ཀྱང་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།