ཙེམ་པབ་ཝེའི་ཐན་པ་ཚབས་ཆེན་གྱིས་འབྲུ་རིགས་བདེ་འཇགས་ལ་འཇིགས་ཉེན་ཐེབས།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཨིག་ཨར་ནེ་ནོའུ་་སྣང་ཚུལ་ལས་བྱུང་བའི་ཐན་པའི་འཇིགས་པ་ཡིས་རྒྱལ་ཁབ་དེའི་འབྲུ་རིགས་བདེ་འཇགས་ལ་འཇིགས་ཉེན་ཐེབས་ནས། རྒྱལ་ཁབ་དེ་གནོད་འཚེ་ཐེབས་པའི་རྣམ་པར་གནས་ཡོད་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཉིན་དེར་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། ཨིག་ཨར་ནེ་ནོའུ་སྣང་ཚུལ་གྱི་ཤུགས་རྐྱེན་ཐེབས་ཏེ། ཙེམ་པབ་ཝེ་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་ས་ཁུལ་གྱི་ཆར་བའི་འབབ་ཚད་རྒྱུན་ལྡན་གྱི་ཆུ་ཚད་ལས་དམའ་བ་དངང་། ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་ཞིང་ལས་ཀྱི་ཐོན་ཚད་ཡིད་སྐྱོ་བ་ཞིག་རེད་ཟེར།

ཁོས་བསྟན་དོན། དབྱར་ཁའི་འབྲུ་རིགས་ཐོན་ཚད་ཚོད་དཔག་བྱས་ན་ཏུན་འབུམ་བརྒྱད་དང་ཁྲི་དྲུག་སྟོང་བརྒྱད་ཡིན་པ་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་ཀྱི་ཆད་ཁ་ཏུན་འབུམ་དྲུག་དང་ཁྲི་བརྒྱད་ཙམ་ཡོད་པས། ནང་འདྲེན་ལ་བརྟེན་ནས་ཁ་གསབ་བྱེད་དགོས། འབྲུ་རིགས་གཙོ་བོ་མ་རྨོས་ལོ་ཏོག་གི་ཐོན་ཚད་མི་བཟང་བའི་གནས་ཚུལ་འོག དགུན་གྲོའི་ཐོན་ཚད་ལ་ཁག་ཐེག་བྱེད་པར་གལ་འགངས་ཧ་ཅང་ཆེ། ང་ཚོས་ལས་འགན་གཙོ་བོ་ནི་ཙེམ་པབ་ཝེའི་མིའི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བཤད་རྒྱུར། དཔྱད་འཇོག་རགས་ཙམ་བྱས་པ་ལྟར་ན། ཙེམ་པབ་ཝེ་ཡིས་མེ་སྒོར་ཐེར་འབུམ་གཉིས་ལྷག་བཏང་ནས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། ཁོས་རྒྱལ་ཡོངས་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སོགས་ཀྱིས་ཙེམ་པབ་ཝེ་ལ་རོགས་རམ་བྱས་ནས་དཀའ་ཁག་ལས་ཐར་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཙེམ་པབ་ཝེའི་ཞིང་ལས་པུའུ་ཡི་དཔོན་པོ་དབྱེ་ལི་ཡིས་ཉེ་སྔོན་བསྟན་དོན། རྒྱལ་ཁབ་དེར་ལོ་རེར་ལོ་ཏོག་ཏུན་ས་ཡ་གཉིས་དང་འབུམ་གཉིས་འབྲུ་རིགས་དང་གཟན་ཆས་སུ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།