དབྱི་ལིང་ཙུང་ཐུང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་བཏང་།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་ཁ་པར་གཏོང་སྐབས། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་བཏང་།

བསྒྲགས་པ་ལྟར་ན། ལའེ་ཞེ་ཡིས་པཱ་ཧྲ་ཨར་ལ་ཁ་པར་གཏོང་སྐབས་དབྱི་སི་རལ་གྱི་བཟོས་པའི་ནག་ཉེས་བྱ་སྤྱོད་ལ་ཁ་གཏད་འཇལ་བར་གྲོས་བསྡུར་བྱས། ལའེ་ཞེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་དང་རྒྱལ་སྤྱིའི་རྩ་དོན་བརྩི་སྲུང་མི་བྱེད་པ་ཤེས་བཞིན་དུ། སྔར་བཞིན་དབྱི་སི་རལ་ལ་ནོར་སྲིད་དང་མཚོན་ཆ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་བཏང་།

པཱ་ཧྲ་ཨར་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་དང་སི་རི་ཡཱ། ལེ་པཱ་ནུན་བཅས་ལ་བཙན་འཛུལ་དང་ནག་ཉེས་བཟོས་པ་དང་། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། སི་རི་ཡཱ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་བལྟས་ན་དབྱི་སི་རལ་གྱིས་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་དང་ཞི་བདེ། གཏན་འཇགས་བཅས་ལ་རྙོག་དྲ་བཟོས་པས། ངེས་པར་དུ་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་ཚེས་གཅིག་ཉིན་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་རྗེས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོས་དབྱི་སི་རལ་གྱི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་།



བསོད་ནམས་ཚེ་རིང་གིས་བསྒྱུར།