ཝུའུ་ཁི་ལན་དང་ཧྥུན་ལན་གྱིས་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱི་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་འཚམས་འདྲིར་ཡོང་བའི་ཧྥུན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་མཉམ་དུ་ཉིན་དེར་ཅི་ཧྥུའུ་ནས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད་དེ། ཧྥུན་ལན་གྱིས་ནོར་སྲིད་དང་དམག་དོན་སོགས་ཐད་ནས་ཝུའུ་ཁི་ལན་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གྲོས་མཐུན་དེའི་ནུས་ལྡན་ཡུན་ཚད་ལོ་བཅུ་ཡིན་པ་དང་། གྲོས་མཐུན་ལས་ཧྥུན་ལན་གྱིས་ཝུའུ་ཁི་ལན་གྱིས་ནུས་ཁུངས་མ་ལག་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་པ་དང་ཝུའུ་ཁི་ལན་གྱི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ། ཝུའུ་ཁི་ལན་གྱི་དམག་མིར་སྨན་བཅོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་་དང་། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ད་ལོར་ཝུའུ་ཁི་ལན་ལ་ཧྥུན་ལན་གྱིས་འདོན་སྤྲོད་བྱས་པའི་ཡོ་སྒོར་དུང་ཕྱུར་བཞིའི་རོགས་སྐྱོར་འབྱོར་ཡོད་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ། ཧྥུན་ལན་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཉིས་ཙམ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར།

ཧྥུན་ལན་ནི་ཝུའུ་ཁི་ལན་བར་ཕྱོགས་གཉིས་ཀྱི་བདེ་འཇགས་མཉམ་ལས་གྲོས་མཐུན་བཀོད་པའི་རྒྱལ་ཁབ་ཨང་བརྒྱད་པ་ཡིན་ལ། དེའི་སྔོན་ཝུའུ་ཁི་ལན་གྱིས་དབྱིན་ཇི་དང་། འཇར་མན། ཧྥ་རན་སི། ཏན་མག ཁཱ་ནཱ་ཏཱ། དབྱི་ཐཱ་ལེ། ཧི་ལན་བཅས་ཀྱི་བར་རིགས་དེ་མཚུངས་ཀྱི་གྲོས་མཐུན་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།