ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལ་རུལ་སུངས་རྟོག་ཞིབ་བྱས་པའི་དབང་གིས་ལས་ཁུར་དགོངས་ཞུ་བྱས།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མཱ་ཕིས་སཱ་ཨིན་ཁཱ་ཁུའུ་ལཱ་ལ་རུལ་སུངས་རྟོག་ཞིབ་བྱས་པའི་དབང་གིས་ཚེས་གསུམ་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

མཱ་ཕིས་སཱ་ཨིན་ཁཱ་ཁུའུ་ལཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དངང་གྲོས་མིའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད་མྱུར་མོར་ནུས་ལྡན་དུ་འགྱུར་སྲིད་པའི་ཚུལ་བསྟན། ཁོ་མོས་བསྟན་དོན། ལས་ཁུར་དགོངས་ཞུ་བྱེད་པའི་ཆོད་དོན་དེ་ནི་དུས་ཚོད་དང་སྟོབས་ཤུགས་ཡོད་ཚད་ཁྲིམས་འཛིན་སྡེ་ཁག་གི་རྟོག་ཞིབ་ཐག་གཅོད་བྱེད་པའི་ཐད་འཇོག་ཆེད་ཡིན། ལས་ཁུར་དགོངས་ཞུ་བྱས་པ་དེ་ནི་ཉེས་པ་ཡོད་པ་ཁས་ལེན་བྱས་པ་གཏན་ནས་མིན་ལ། ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་སྣང་བརྙན་དང་རྒྱལ་དམངས་གྲོས་ཁང་གི་བླ་མེད་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད་ཡིན། ཁོ་མོས་རང་ཉིད་སྤྱོད་གཙང་ཡིན་པ་རྒྱུན་འཁྱོངས་བྱེད་པར་མ་ཟད་རང་ཉིད་ཀྱི་ཆེད་དུ་བདེན་དཔང་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར།

ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གིས་ཉིན་དེའི་དགོང་མོར་སོ་སོར་གསལ་སྒྲོག་སྤེལ་ནས། མཱ་ཕིས་སཱ་ཨིན་ཁཱ་ཁུའུ་ལཱ་ཡི་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་འབྱོར་བ་ཁས་ལེན་བྱས།

མཱ་ཕིས་སཱ་ཨིན་ཁཱ་ཁུའུ་ལཱ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཏང་གི་ཐོབ་ཐང་ཅན་གྱི་ཁོངས་མི་ཡིན་པ་དང་། ཁོ་མོས་ཉེ་སྔོན་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྲུང་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་པུའུ་ཀྲང་གི་འགན་ཁུར་བའི་སྐབས་སུ། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་དམག་དོན་འགན་ལེན་མཁན་གྱི་ལྐོག་བརྔན་བླངས་པར་སྐྱོན་འཛུགས་ཐེབས་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་ཁང་གི་ཡིག་ཆ་ལྟར་ན། ཁོ་མོར་དོན་རྐྱེན་དེའི་དབང་གིས་རུལ་སུངས་ཀྱི་སྐྱོན་འཛུགས་སྣ་བཅུ་གཉིས་ལ་གདོང་གཏོད་དགོས་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཞིབ་དཔྱོད་ཁང་གིས་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་མཱ་ཕིས་སཱ་ཨིན་ཁཱ་ཁུའུ་ལཱའི་ཡའོ་ཧན་ནེ་སི་པའོ་རུ་ཡོད་པའི་སྡོད་གནས་སུ་གློ་བུར་དུ་སྔོག་བཤེར་བྱས་པ་དང་། ཁོ་མོས་ཟླ་གསུམ་པའི་ཚེས་་ཉེར་གཅིག་ཉིན་ལས་གནས་དང་བྲལ་ནས་དམིགས་བསལ་ངལ་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ལ། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཚི་ནོའུ་ལེ་ཡིས་གྲོས་དཔོན་ཚབ་མའི་ལས་འགན་ཁུར་རྒྱུ་རེད། གཟའ་འཁོར་སྔོན་མར་མཱ་་ཕིས་སཱ་ཨིན་ཁཱ་ཁུའུ་ལཱའི་པུས་ལེ་ཐའོ་ལེ་ཡཱ་རུ་ཡོད་པའི་མཐོ་རིམ་ཁྲིམས་ཁང་ལ་བྲེལ་མྱུར་རེ་ཞུ་བཏོན་པ་དང་། དམིགས་ཡུལ་ནི་རུལ་སུངས་སྐྱོན་འཛུགས་དབང་གིས་ཁོ་མོ་འཛིན་བཟུང་བྱེད་པར་བཀག་འགོག་་བྱེད་ཆེད་ཡིན་ཡང་། མཐོ་རིམ་ཁྲིམས་ཁང་གིས་ཟླ་བཞི་བའི་ཚེས་གཉིས་ཉིན་རེ་ཞུ་དེ་དང་ལེན་མ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།