མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་ཕྱི་འབྲེལ་དང་གཞུང་ཚབ་ཁང་ལ་གནོད་པ་བཟོ་མི་རུང་བའི་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས།
2024.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཧི་ཡཱ་ལི་ཡིས་ཚེས་གཉིས་ཉིན་དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་ཕྱི་འབྲེལ་དང་གཞུང་ཚབ་ཁང་ལ་གནོད་པ་བཟོ་མི་རུང་བའི་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།

དབྱི་ལིང་གིས་རེ་བ་བཏོན་པ་ལྟར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། ཧི་ཡཱ་ལི་ཡིས་ཚོགས་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་གཏོང་བཞིན་པ་བསྐྱར་སྒྲོག་བྱས་པ་དང་། གནས་ཚུལ་གང་རུང་འོག་ཕྱི་འབྲེལ་དང་གཞུང་ཚབ་ཁང་། དེ་མིན་མི་སྣ་གཞན་པར་གནོད་པ་བཟོ་མི་རུང་བའི་རང་བཞིན་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་ཏེ། སྒྲིག་སྲོལ་གཙོར་བཟུང་བའི་རྒྱལ་སྤྱིའི་སྒྲིག་སྒྲིག་ལམ་དང་རྒྱལ་སྤྱིའི་ཞི་བདེ། བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པ་དེ་གལ་འགངས་ཧ་ཅང་ཆེ་ཟེར།

ཧི་ཡཱ་ལི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧུར་ཐག་སྒོས་འབྲེལ་ཡོད་ཕྱོགས་བར་འབྲེལ་འདྲིས་བྱས་ཏེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་ས་ཁུལ་གཏན་འཇགས་མིན་པའི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་འབྲེལ་ཡོད་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ནས་མི་སེར་དཀྱུས་མ་དང་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་ལ། ནོར་འཆུག་ལས་འཁྲུག་རྩོད་ཀྱི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་གཏོང་བར་སྔོན་འགོག་བྱེད་དགོས། དེ་ལྟ་མིན་ཚེ་དཀའ་སྡུག་ཆེ་བའི་དབུས་ཤར་ས་ཁུལ་གྱི་མང་ཚོགས་ལ་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་བཟོ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།