དབྱི་ལིང་གི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ལཱ་སི་ཁི་རྫོང་དང་ཆཱ་པཱ་ཧཱ་ཨར་གྲོང་ཁྱེར་ནས་དུས་མཉམ་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཕམ་ཉེས་སུ་བཏང་སྟེ། འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་བསད་ཡོད་ལ། མིག་སྔར་འཇབ་རྒོལ་དོན་རྐྱེན་བྱུང་ས་དེ་གཉིས་ལ་རྒྱུན་ལྡན་སླར་གསོ་བྱུང་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱི་རྒྱལ་གྱི་གསང་མྱུལ་བའི་ལས་ཁུངས་སུ་གཏོགས་པའི་འཇིགས་སྐུལ་ཉེས་ཅན་དང་དྲག་ཆས་ཉེས་ཅན་གྱིས་ཚེས་བཞི་ཉིན་གྱི་ཞོགས་པར་དུས་མཉམ་དུ་ལཱ་སི་ཁི་རྫོང་དང་ཆཱ་པཱ་ཧཱ་ཨར་གྲོང་ཁྱེར་གྱི་དམག་དོན་དང་སྤྱི་བའི་ཚོགས་ར་ལྔར་འཇབ་རྒོལ་བྱས། འཇིགས་སྐུལ་ཉེས་ཅན་བཅོ་བརྒྱད་པོ་ཚང་མ་བསད་པ་དང་། དབྱི་ལིང་གི་བདེ་འཇགས་དམག་དཔུང་གི་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་རེ་འགར་རྨས་ཕོག་ཡོད་ཟེར།

དབྱི་ལིང་ནང་སྲིད་པུའུ་ཡི་བདེ་འཇགས་དང་ཉེན་རྟོག་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་གཞོན་པ་མུས་ཨར་ཨེ་ཧཱ་མེད་ཏིས་ཀྱིས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ད་རུང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་མི་གཉིས་འཛིན་བཟུང་བྱས་པ་དང་། བདེ་འཇགས་སྡེ་ཁག་གིས་འཇིགས་སྐུལ་ཉེས་ཅན་གྱི་ཐོབ་ཐང་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།