ཧཱ་མཱ་སིའི་དཔོན་རིགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་པའི་ཚུལ་བསྟན།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཧཱ་མུའུ་ཏན་གྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་མིག་སྔར་གྲུབ་འབྲས་ཐོབ་མེད་ཟེར།

ཧཱ་མུའུ་ཏན་གྱིས་བཤད་རྒྱུར། ཧཱ་མཱ་སི་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་ཆེད་དུ་ཀུ་ཡངས་ཆེན་པོ་བཏང་ཡོད་ཀྱང་། དབྱི་སི་རལ་ཕྱོགས་ཀྱི་ལངས་ཕྱོགས་སྔར་བཞིན་དུ་ཨུ་ཚུགས་ཆེ་བར་མངོན་པས། གྲོས་མོལ་དེར་འཕེལ་རྒྱས་དང་གྲུབ་འབྲས་ཅི་ཡང་མེད་པར་གྱུར་ཡོད་ཟེར།

ཧཱ་མུའུ་ཏན་གྱིས་ད་རུང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མཐུན་འགོད་པར་བཀག་རྒྱ་བཟོས་པ་དང་། མུ་མཐུད་དུ་གྲོས་མོལ་བྱེད་པར་སྤྲོ་བ་ཡོད་ཁུལ་བྱས་པར་སྐྱོན་འཛུགས་བྱས། 

སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ་བ་དང་། དབྱི་སི་རལ་གྱིས་འཐུས་མི་མངག་ནས་གྲོས་མོལ་ལ་ཞུགས། ཧཱ་མཱ་སིའི་ཕྱོགས་ཀྱིས་ཁེ་རོའི་གྲོས་མོལ་ལ་ཞུགས་མི་སྲིད་པ་དང་། བར་འདུམ་ཕྱོགས་ཀྱིས་དབྱི་སི་རལ་བར་གྲོས་མོལ་བྱས་པའི་མཇུག་འབྲས་ལ་སྒུག་ཡོད་ཟེར། དབྱི་སི་རལ་གྱི་དམག་ཕྱོགས་ཀྱི་རླུང་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་ཕྱོགས་ཀྱི་གྲོས་མོལ་འཐུས་མིར་དབང་ཆ་སྔར་ལས་མང་བོ་སྟེར་རྒྱུ་ཐག་བཅད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།