པེད་ཏིན་གྱིས་ཨ་མེ་རི་ཁའི་ཅཱ་ཧྲ་དང་འབྲེལ་བའི་སྲིད་ཇུས་དེ་དབྱི་སི་རལ་གྱིས་ཅཱ་ཧྲའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ལ་རག་ལས་ཡོད་པའི་ཚུལ་བསྟན།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཞི་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁས་ཅཱ་ཧྲའི་གནད་དོན་ཐད་ཀྱི་སྲིད་ཇུས་དེ་ཨ་མེ་རི་ཁའི་དབྱི་སི་རལ་གྱིས་ཅཱ་ཧྲའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ལ་དཔྱད་འཇོག་བྱས་པར་རག་ལས་ཡོད་ཟེར།

དེ་ནི་ཚེས་གཅིག་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་དགེ་སྒྲུབ་ལས་ཁུངས་འཛམ་གླིང་ཀྲུང་དབྱང་ཟ་ཁང་གི་ལས་བྱེད་མི་སྣ་བདུན་རྐྱེན་ལམ་དུ་ཤོར་རྗེས། པེད་ཏིན་དང་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཐོག་མར་ཁ་པར་གྲོས་མོལ་བྱས། ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་ལས་བྱེད་མི་སྣར་འཇབ་རྒོལ་བྱེད་པའི་བྱ་སྤྱོད་དང་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་དེ་དང་ལེན་བྱེད་ཐབས་མེད་ཟེར།

པེད་ཏིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་བྱེ་བྲག་གི་དཔྱད་འཇོག་ཐུབ་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་སྒྲོག་ལག་བསྟར་བྱས་ཏེ། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་ཐེབས་པའི་གནོད་པ་ཇེ་ཉུང་དུ་གཏོང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་ཞི་འཇགས་སུ་གཏོང་རྒྱུ་མ་ཟད་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ལས་བྱེད་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་བྱེད་ཐབས་དེ་དག་གཞིར་བཟུང་ནས་མྱུར་མོར་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་མ་ཟད། དཔྱད་འཇོག་གྲུབ་འབྲས་ལྟར་ཅཱ་ཧྲ་ལ་འབྲེལ་བའི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་ཡིན་ཟེར།

པེད་ཏིན་གྱིས་ནན་གྱིས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མྱུར་མོར་འཁྲུག་རྩོད་མཚམས་འཇལོག་པ་དེ་ཅཱ་ཧྲ་ས་ཁུལ་གགྱི་མི་ཆོས་རིང་ལུགས་གནས་བབ་ལེགས་བཅོས་བྱེད་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་གྲོས་མོལ་མི་སྣས་གང་མགྱོགས་སྒོས་ཧཱ་མཱ་སིའི་བར་གྲོས་མཐུན་བཀོད་ནས་བཀག་འཇུག་མི་སྣ་ཕྱིར་གཏོང་བར་འགན་སྲུང་བྱེད་པའི་མཛུབ་སྟོན་བྱེད་རྒྱུའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།