ཨུ་རུ་སིའི་ཆུ་རགས་ཆེན་མོ་ཞིག་ཤོར་ནས་ཁང་བ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཆུས་བསྣུབས།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཨོ་ལོན་པའོ་མངའ་སྡེའི་ཨོ་ཨར་སི་ཁི་གྲོང་ཁྱེར་གྱི་ཆུ་རགས་ཆེན་མོ་ཞིག་གི་རགས་ཁ་ཤོར་བ་དང་། ས་དེའི་སྡོད་དམངས་དག་བདེ་འཇགས་ཀྱི་ཡུལ་དུ་ཕྱིར་འཐེན་བྱེད་པར་རྩ་འཛུགས་བྱེད་བཞིན་ཡོད།

ས་དེའི་སྲིད་གཞུང་སྡེ་ཁག་གིས་བསྒྲགས་པ་ལྟར་ན། གཞི་གྲངས་གསར་བ་ལྟར་ན་ཨོ་ལོན་པའོ་མངའ་སྡེ་ནས་སྡོད་ཁང་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཆུས་བསྣུབས་ཡོད་པ་དང་། ཨོ་ཨར་སི་ཁི་གྲོང་ཁྱེར་དུ་སྡོད་ཁང་སྟོང་བཞི་དང་མི་ཁྲི་གཅིག་དང་སྟོང་གཅིག་ཙམ་ལ་རགས་ཁ་ཤོར་བའི་ཤུགས་རྐྱེན་ཐེབས་ཡོད། མིག་སྔར་ཨོ་ལོན་པའོ་མངའ་སྡེའི་སྲིད་གཞུང་གིས་བཤད་རྒྱུར། མིག་སྔར་མངའ་སྡེ་དེར་མི་སྟོང་གསུམ་དང་བརྒྱ་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།

ཨུ་རུ་སིའི་བྲེལ་མྱུར་སྡེ་ཁག་གིས་བཤད་རྒྱུར།རྒུད་སྐྱོབ་མི་སྣ་དང་ས་དེའི་སྡེ་ཁག་གིས་ཆུ་རགས་སྲ་བརྟན་དུ་བཏང་ནས་ཆུ་ཕྱིར་འབུད་བྱེད་བཞིན་ཡོད་ཟེར།

ཨོ་ལོན་པའོ་མངའ་སྡེ་བརྒྱུད་པའི་ཝུའུ་ལཱ་ཨར་ཆུ་བོ་མིག་སྔར་དཔྱིད་ཀའི་ཆུ་ལོག་དུས་སྐབས་སུ་འཁེལ་ཡོད་པ་དང་། ཆུ་བོའི་འཁྱག་རོམ་མྱུར་མོར་ཞུས་ནས་ཆུ་གནས་རྒྱས་ཡོད་པ་རེད། ཚེས4ཉིན་ཨོ་ལོན་པའོ་མངའ་སྡེ་རུ་ཆུ་ལོག་གི་འཇིགས་ཉེན་ཐེབས་པའི་དབང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཨོ་ཨར་སི་ཁི་གྲོང་ཁྱེར་སྲིད་གཞུང་གིས་ཚེས5ཉིན་གྱི་སྔ་དྲོར་སྲིད་གཞུང་དྲ་ཚིགས་སུ་ཉེན་བརྡ་བཏང་སྟེ། ཆུ་རགས་ཀྱི་རགས་ཁ་ཤོར་བ་དང་ཆུ་ཕྱིར་འབུད་བྱེད་པའི་ཉེན་ཁ་ཡོད་པའི་དབང་གིས་གྲོང་ཁྱེར་དེའི་སྲང་ལམ་སྐོར་ཞིག་གི་སྡོད་དམངས་དག་མྱུར་མོར་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།