མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས5ཉིན་གྲོས་ཆོད་ཅིག་བཀོད་དེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་བཟོས་པའི་འཐབ་འཁྲུག་ནག་ཉེས་དང་མིའི་རིགས་ལ་གནོད་སྐྱེལ་བའི་ཉེས་པའི་ཐད་ནས་འགན་འཁྲི་ཁུར་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱལ་ཁབ་སོ་སོས་དབྱི་སི་རལ་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
གྲོས་ཆོད་དེ་ནི་ཕཱ་ཁི་སི་ཐན་གྱི་འཐུས་མི་དང་ཨར་པཱ་ནི་ཡཱ་མ་གཏོགས་པའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྤྲད་པ་རེད། འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ47ཁྲོད། རྒྱལ་ཁབ28ཡིད་འཐད་བྱུང་བ་དང་། རྒྱལ་ཁབ6གིས་ངོ་རྒོལ་བྱས། རྒྱལ་ཁབ13གྱིས་དབང་ཆ་བསྐྱུར། ཀྲུང་གོ་ཡིད་འཐད་བྱུང་ཡོད་ལ། ཨ་མེ་རི་ཁ་དང་འཇར་མན་སོགས་ཀྱིས་ངོ་རྒོལ་བྱས།
གྲོས་ཆོད་ལས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མའི་གནོད་པ་ཇེ་ཡང་དུ་གཏོང་བའི་ཐད་བྱ་བ་བསྒྲུབས་པ་མི་འདང་བས། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་གང་རུང་ལ་འགན་འཁྲི་རྩད་གཅོད་བྱེད་པར་ཁག་ཐེག་བྱེད་དགོས།
གྲོས་ཆོད་་ལས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་ལ་གནོད་པ་ཆེན་པོ་བཟོས་པ་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ལ་འབྲེལ་བའི་སྙན་ཞུར་སེམས་ཁུར་བྱེད་བཞིན་ཡོད་ལ། ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁོངས་སུ་འབྱུང་སྲིད་པའི་འཐབ་ཇུས་ནག་ཉེས་དང་མིའི་རིགས་ལ་གནོད་སྐྱེལ་བའི་ཉེས་པ་སོགས་འདུས།གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་དབྱི་སི་རལ་ལ་འཕུར་མདའ་དང་དམག་དོན་སྒྲིག་ཆས་གཞན་པའི་མཚོན་ཆ་འདོན་སྤྲོད་དང་ཕྱིར་འཚོང་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
གྲོས་ཆོད་ལས་ད་རུང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་མོར་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་མྱུར་དུ་སྐྱེལ་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་ལྔ་བའི་གྲོས་ཚོགས་དེ་ཚེས5ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོལ།
བསོད་ནམས་ཚེ་རིང་གིས་བསྒྱུར།