ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲའི་དམག་དོན་འཐབ་ཇུས་བཅོས་སྒྱུར་བྱས་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས5ཉིན་ཅཱ་ཧྲའི་འཁྲུག་རྩོད་བྱུང་ནས་ཟླ6འགོར་བའི་སྐབས་སུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པའི་དམག་དོན་འཐབ་ཇུས་བསྒྱུར་ནས། མི་ཆོས་རྒུད་སྐྱོབ་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས་ནས་མི་སེར་དཀྱུས་མར་ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་གཟའ་འཁོར་སྔོན་མར་དགེ་སྒྲུབ་རྩ་འཛུགས་འཛམ་གླིང་ཀྲུང་དབྱང་ཟ་ཁང་ལ་བར་སྣང་འཇབ་རྒོལ་བྱས་ཏེ་ལས་བྱེད་མི་སྣ7རྐྱེན་ལམ་དུ་བཏང་རྗེས། དབྱི་སི་རལ་གྱི་སྲིད་གཞུང་གིས་ནོར་འཆུག་ཁས་ལེན་བྱས་པར་མ་ཟད་ཆད་གཅོད་བྱེད་ཐབས་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན། ཡིན་ཡང་གནད་དོན་གྱི་སྙིང་བོ་ནི་ནོར་འཆུག་བཟོས་པའི་མི་མ་ཡིན་པར། དབྱི་སི་རལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་དམག་དོན་འཐབ་ཇུས་དང་ལས་རིམ་ལས་ནོར་འཆུག་གི་བྱ་སྤྱོད་དེ་རིགས་ཡང་དང་བསྐྱར་དུ་བྱུང་བ་རེད། གནད་དོན་དེ་ཐག་གཅོད་བྱེད་པར་སྒེར་ཚུགས་ཀྱིས་རྟོག་ཞིབ་བྱེད་དགོས་པར་མ་ཟད། ས་དེར་དོན་སྙིང་ལྡན་པའི་བཅོས་སྒྱུར་མངོན་གསལ་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཅཱ་ཧྲའི་འཁྲུག་རྩོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླས་མི175འདུས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣ196རྐྱེན་ལམ་དུ་ཤོར་བ་དང་། མི་རེའི་ཤི་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཀྲུང་དབྱང་ཟ་ཁང་ལ་འཇབ་རྒོལ་ཐེབས་རྗེས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རོགས་སྐྱོར་ཇེ་མང་དུ་གཏོང་བར་ཆོག་མཆན་བཀོད་པ་དང་། དབྱི་སི་རལ་གྱིས་གང་མགྱོགས་སྒོས་དམ་བཅའ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཁོས་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ད་རུང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་གཏོང་སྐབས་མིས་བཟོས་རིག་ནུས་ལག་རྩལ་བཀོལ་ནས་འཇབ་རྒོལ་དམིགས་འབེན་ལ་གསལ་འབྱེད་བྱས་ནས་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པའི་གནས་ཚུལ་ལ་སེམས་ཁུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།