འདས་ལོག་དུས་ཆེན་གླིང་ཕྲན་གྱིས་རྒྱ་མཚོའི་སྲུང་སྐྱོབ་གྲོས་ཚོགས་བསྡུས་ཏེ་འགྱིག་ཤོག་གི་སྦགས་བཙོག་ཐག་གཅོད་བྱེད་པར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2024ལོའི་ལཱ་ཕ་ནོའུ་དབྱེ་རྒྱ་མཚོའི་སྲུང་སྐྱོབ་དང་འགྱིག་ཤོག་གི་སྦགས་བཙོག་གནད་དོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐོ་རིམ་གྲོས་ཚོགས་ཚེས5ཉིན་ཀྲི་ལིའི་འདས་ལོག་དུས་ཆེན་གླིང་ཕྲན་ནས་གྲོལ། མཐོ་རིམ་གྲོས་ཚོགས་ནས་ཉིན་དེར་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་མཐུན་བཀོད་དེ། རྒྱུན་མཐུད་ཇུས་གཞིས་འགྱིག་ཤོག་གི་སྦགས་བཙོག་དང་རྒྱ་མཚོ་དང་མཚོ་འགྲམ་གྱི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཟླ4པའི་ཚེས3ཉིན་ནས་ཚེས5ཉིན་བར་ཀྲི་ལིའི་འདས་ལོག་དུས་ཆེན་གླིང་ཕྲན་ནས་བསྡུས། ཀྲི་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་། ཀྲི་ལིའི་ཕྱི་འབྲེལ་པུའུ་དང་འདས་ལོག་དུས་ཆེན་གླིང་ཕྲན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། ཧྥེ་ཅི་སོགས་རྒྱལ་ཁབ་དང་འབྲེལ་ཡོད་ས་ཁུལ། ལས་ཁུངས་བཅས་ཀྱི་འཐུས་མི100ལྷག་གྲོས་ཚོགས་ལ་ཞུགས། མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་རྒྱ་མཚོའི་སྲུང་སྐྱོབ་དང་འགྱིག་ཤོག་གི་སྦགས་བཙོག་ལ་འབྲེལ་བའི་རྒྱལ་སྤྱིའི་གྲོས་མོལ་གྲུབ་འབྲས་དང་། ཐག་གཅོད་ལག་རྩལ་གསར་བ། བཅའ་ཁྲིམས་སྒྲོམ་གཞིའི་འཛུགས་སྐྲུན་སོགས་འདུས།

ཀྲུའུ་ཞིའི་གསལ་སྒྲོག་ལས་བསྟན་དོན། མྱུར་མོར་དོན་དངོས་འགུལ་སྐྱོད་སྤེལ་ནས་རྒྱ་མཚོར་སྲུང་སྐྱོབ་བྱེད་དགོས་པ་དང་། ཁྱད་པར་དུ་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འགྱིག་ཤོག་གི་སྦགས་བཙོག་གནད་དོན་ལ་དོ་སྣང་བྱེད་དགོས་པ་དང་། སྐབས་ལྔ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་གྱི་འགྱིག་ཤོག་གི་སྦགས་བཙོག་མེད་པར་གཏོང་བའི་འབྲེལ་ཡོད་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་དགོས་ལ། ས་གནས་དང་རྒྱལ་ཁབ། ས་ཁོངས་རང་བཞིན་གྱི་གྲོས་འདོན་ལ་སྐུལ་མ་གཏོང་བ་དང་། དམངས་ཁྲོད་དང་རིག་གཞུང་ལས་རིགས། སྒེར་གཉེར་སྡེ་ཁག རིམ་པ་སོ་སོའི་སྲི་དགཞུང་སོགས་ཚོགས་ཁག་མི་འདྲ་བའི་སྟོབས་ཤུགས་ལེགས་སྒྲིག་བྱེད་དགོས་པར་མ་ཟད། རྒྱ་མཚོའི་སྲུང་སྐྱོབ་ཐད་ཀྱི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བྱས་ནས་ཚན་རིག་ཐབས་ཇུས་ཀྱིས་རྒྱ་མཚོའི་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུན་མཐུད་དོ་དམ་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲི་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བ་མཱ་ལོས་ཡཱ་ཧི་སེ་ཐའོ་ལོས་སི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱ་མཚོའི་འགྱིག་ཤོག་གད་སྙིགས་ཀྱིས་སྐྱེ་དངོས་སྣ་མང་རིང་བཞིན་ལ་གནོད་སྐྱེལ་ཡོད་པར་མ་ཟད། འགྱིག་ཤོག་ཕྲ་ཆུང་ཟས་རིགས་སུ་འདྲེས་རྗེས་ཟས་རིགས་བདེ་འཇགས་ཀྱི་གནད་དོན་བཟོ་བཞིན་ཡོད། འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་བྱེད་པ་ནི་དཀའ་ཁག་ཆེ་བའི་ལས་འགན་ཞིག་ཡིན་པ་དང་། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་རྒྱལ་སྤྱིའི་ཡིག་ཆ་གཏན་འབེབས་བྱེད་བཞིན་ཡོད་ལ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་གྲོས་མཐུན་བཀོད་པའི་ཀྲུའུ་ཞིའི་གསལ་སྒྲོག་དེས་འབྲེལ་ཡོད་ཀྱི་གྲོས་མོལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར།

ཀྲི་ལི་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་ཉིག་ཆིན་པའོ་ཡིས་མཐོ་རིམ་གྲོས་ཚོགས་སྟེང་ཀྲུང་གོའི་རྒྱ་མཚོའི་སྲུང་སྐྱོབ་དང་འགྱིག་ཤོག་གི་སྦགས་བཙོག་ཚོད་འཛིན་བྱས་པའི་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་མཚམས་སྦྱོར་བྱས་པ་དང་། ཁྱད་པར་དུ་རྒྱ་མཚོའི་སྦགས་བཙོག་བཅོས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཐད་བཏོན་པའི་ནུས་པ་གལ་ཆེན་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཀྲུང་གོས་རྒྱ་མཚོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གྲོས་འགོ་བཏོན་ཡོད་ལ། འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་རྒྱ་མཚོའི་འགྱིག་ཤོག་གད་སྙིགས་དང་ཕྲ་ཆུང་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་རྒྱ་མཚོ་སྔོ་ཞིང་ནམ་མཁའ་གཡའ་དག་པར་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

འདས་ལོག་དུས་ཆེན་གླིང་ཕྲན་ནི་ཞི་བདེ་རྒྱ་མཚོའི་ཤར་ལྷོའི་ཕྱོགས་ཀྱི་མེ་རིའི་གླིང་ཕྲན་ཞིག་ཡིན་པ་དང་། ས་དེའི་སྐད་བརྡའི་ཁྲོད་དུ་ལཱ་ཕཱ་ནོའུ་དབྱེ་ཟེར། ཀྲི་ལིའི་བྱང་ཕྱོགས་གནམ་བདག་ཆོས་ལུགས་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ལོ་རེར་གད་སྙིགས་ས་ཡ་བཞི་དང་འབུམ་བཞི་ཙམ་རྒྱ་མཚོས་ཁུར་ནས་གླིང་ཕྲན་དེར་འབྱོར་བཞིན་ཡོད་ཟེར། འདས་ལོག་དུས་ཆེན་གླིང་ཕྲན་གྱི་ཧྲི་ཀྲང་ཕའེ་ཏི་ལོ་ཨེ་ཏི་མིན་ཙི་ཡིས་བལྟས་ན། འདས་ལོག་དུས་ཆེན་གླིང་ཕྲན་དེ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་ལ་འགྱིག་ཤོག་གི་སྦགས་བཙོག་ཐེབས་པའི་ཉམས་ཉེན་གྱི་བསྡུས་གཟུགས་ལྟ་བུ་ཞིག་ཡིན་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།