ནི་ཁཱ་ར་ཀཱ་ཡིས་ཨེ་ཀྭ་ཏོར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ནི་ཁཱ་ར་ཀཱའི་སྲིད་གཞུང་གིས་ཚེས6ཉིན་སྤྱི་སྒྲོག་སྤེལ་ཏེ། ནི་ཁཱ་ར་ཀཱ་ཡིས་ཨེ་ཀྭ་ཏོར་བར་དུ་འབྲེལ་ཐག་གཅོད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ནི་ཁཱ་ར་ཀཱ་ཕྱོགས་ཀྱིས་ཨེ་ཀྭ་ཏོར་སྲིད་གཞུང་གིས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་དང་རྒོལ་གཏམ་གཏོང་བཞིན་ཡོད། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་གིས་ཨེ་ཀྭ་ཏོར་གྱི་སྤྱི་དམངས་ཀྱི་བདེ་འཇགས་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་དགོས་ཀྱང་། ཨེ་ཀྭ་ཏོར་གྱི་རྒྱལ་ས་ཅི་ཏའོ་ནས་རྒྱུན་ལྡན་མིན་ཞིང་གཞན་གྱིས་རྒོལ་གཏམ་གཏོང་བའི་འགུལ་སྐྱོད་སྤེལ་བ་རེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། སྤྱི་སྒྲོག་དེ་སྤེལ་བའི་ཉིན་ནས་བཟུང་ནི་ཁཱ་ར་ཀཱ་ཕྱོགས་ཀྱིས་ཨེ་ཀྭ་ཏོར་སྲིད་གཞུང་བར་དུ་འབྲེལ་ཐག་དངོས་སུ་གཅོད་རྒྱུའི་བདག་དབང་ཆོད་དོན་སྤེལ་རྒྱུ་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྤྱི་ཆིངས་ལ་མཐོང་ཆེན་བྱེད་རྒྱུ་ནན་བཤད་བྱས།

ཨེ་ཀྭ་ཏོར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས5ཉིན་གྱི་དགོང་མོར། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་གིས་ཁྲབ་ལྡན་འཁོར་ལོ་བསྐོར་ནས་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་སོང་ནས། གཞུང་ཚབ་ཁང་དེར་ཡོད་པའི་ཨེ་ཀྭ་ཏོར་གྱི་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་ཧའོ་ཨར་ཧི་ཀི་ལཱ་སི་འཛིན་བཟུང་བྱས། ཨེ་ཀྭ་ཏོར་གྱི་ཙུང་ཐུང་བཞུགས་ཤག་གིས་སྤྱི་སྒྲོག་སྤེལ་ཏེ། བདེ་འཇགས་དམག་དཔུང་གིས་ཀི་ལཱ་སི་འཛིན་བཟུང་བྱས་ཡོད་ཟེར། མའོ་ཞི་ཁོའི་ཕྱི་འབྲེལ་བློན་ཆེན་པཱ་ཨར་སེ་ནཱ་ཡིས་དེའི་རྗེས་སུ་དྲ་ཚིགས་བརྒྱུད་དེ། ཨེ་ཀྭ་ཏོར་ཕྱོགས་ཀྱིས་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་ལ་འགལ་བའི་བྱ་སྤྱོད་སྤེལ་ནས་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་ཕྱི་འབྲེལ་མི་སྣར་གནོད་པ་བཟོས་ཡོད་པས། མའོ་ཞི་ཁོ་ཡིས་མྱུར་མོར་ཨེ་ཀྭ་ཏོར་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཀི་ལཱ་སི་ན་ནིང་ཟླ12པར་ཨེ་ཀྭ་ཏོར་དུ་ཡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་ཡོང་ནས་འགེབས་སྲུང་ཐོབ་པར་བྱས་པ་དང་། དེའི་རྗེས་སུ་མའོ་ཞི་ཁོ་སྲིད་གཞུང་གིས་ཨེ་ཀྭ་ཏོར་གྱི་གཞུང་ཚབ་ཁང་དུ་ཡོང་ནས་ཀི་ལཱ་སི་འཛིན་བཟུང་བྱེད་པའི་རེ་འདོད་དང་ལེན་མ་བྱས། ཟླ4པའི་ཚེས5ཉིན་གྱི་སྔ་དྲོར། མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཡིས་སྤྱི་སྒྲོག་སྤེལ་ཏེ། མའོ་ཞི་ཁོའི་སྲིད་གཞུང་གིས་དངོས་སུ་ཀི་ལཱ་སི་ལ་ཆབ་སྲིད་འགེབས་སྲུང་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།