ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་མཁའ་དམག་དང་ས་གནས་དམག་དོན་སྲིད་འཛིན་སྡེ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས5ཉིན་གྱི་ཕྱི་དྲོ་དང་ཚེས6ཉིན་གྱི་ཞོགས་པར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་ཐེངས་གཉིས་སྤེལ་བ་དང་། ཚེས6ཉིན་གྱི་སྔ་དྲོའི་བར། བར་སྣང་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི30ལྷག་ལ་རྨས་ཕོག་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས6ཉིན་གྱི་སྔ་དྲོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེའི་ཞོགས་པར་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དུ་དཔུང་འཇུག་རྣམ་པ་ཅན་གྱི་མི་བསྡད་མེད་པའི་གནམ་གྲུ32དང་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་སྲུང་མཚོན་ཆས་འཕུར་མདའ3དང་མི་བསྡད་མེད་པའི་གནམ་གྲུ28བཀག་ཡོད་ཟེར།

ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཅེ་ལེ་ཧའོ་ཧྥུའུ་ཡིས་ཚེས6ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེའི་ཞོགས་པར་ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་དུ་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། སྔ་དྲོའི་དུས་ཚོད་དགུའི་བར་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི11སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད། སྡོད་དམངས་ཐོག་ཁང་དང་བྱིས་སྐྱོང་ཁང་། སློབ་གྲྭ། སྣུམ་སྣོན་ས་ཚིགས་བཅས་འདུས་པའི་གནས10ལྷག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།

ཀྲ་པའོ་ལོ་རི་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཧྥེ་ཨོ་ཏའོ་ལོ་ཧྥུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཚེས5ཉིན་གྱི་ཕྱི་དྲོ་དང་ཚེས6ཉིན་གྱི་ཞོགས་པར། ཨུ་རུ་སིའི་དམག་དཔུང་གིས་ཀྲ་པའོ་ལོ་རི་གྲོང་ཁྱེར་གྱི་བཟོ་ལས་སྒྲིག་ཆས་ལ་སྐོར་ཐེངས་གཉིས་ལ་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ལས་མི4རྐྱེན་ལམ་དུ་ཤོར་ཡོད་ལ། མི23ལ་རྨས་ཕོག་ཡོད། གཞན་ཡང་ཁང་ཤར40ལྷག་ལ་གཏོར་བརླག་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།