སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་ཐེབས་ནས་བྱིས་པ་བདུན་རྐྱེན་ལམ་དུ་ཤོར།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས6ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལཱ་ཞིང་ཆེན་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་བྱིས་པ7རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི2ལ་རྨས་ཕོག་ཟེར།

ས་དེའི་བདེ་འཇགས་མི་སྣས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཏི་ལཱ་ཞིང་ཆེན་བྱང་ངོས་ཀྱི་སེ་ནཱ་མེད་དབྱིན་གྲོང་རྡལ་ཆུང་བའི་སྡོད་དམངས་འདུས་སྡོད་ཁུལ་ཞིག་ནས་བྱུང་བ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། འགས་གཏོར་སྒྲིག་ཆས་དེ་སྔ་མོ་ནས་བཀོད་སྒྲིག་བྱས་པ་ཡིན་ཟེར་ཡང་བྱེ་བྲག་གི་གནས་ཚུལ་ཞིབ་ཏུ་བསྒྲགས་མེད།

ཏི་ལཱ་ཞིང་ཆེན་ལྷོ་ངོས་ནས་ཅོར་ཏན་དང་འདབས་འབྲེལ་དུ་ཡོད་ཅིང་། 2011ལོར་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས། ཏི་ལཱ་ཞིང་ཆེན་དེ་དུས་ཡུན་རིང་བོར་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་ཡོད། 2018ལོའི་ཟླ6པ་ནས་བཟུང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རིམ་བཞིན་ཏི་ལཱ་ཞིང་ཆེན་ཚོད་འཛིན་བྱས་ཡོད་ཀྱང་། ས་དེའི་བདེ་འཇགས་གནས་བབ་དུས་ཡུན་རིང་བོར་གཏན་འཇགས་མིན།


བསོད་ནམས་ཚེ་རིང་གིས་བསྒྱུར།