མའོ་སིང་པུས་ཁིའི་བྱང་ཕྱོགས་མཚོ་ཁོངས་སུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གོ་གཅིག་རྐྱེན་ལམ་དུ་ཤོར།
2024.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མའོ་སིང་པུས་ཁིའི་རྒྱལ་ཁབ་རྒྱང་སྒྲོག་ཁང་གིས་ཚེས7ཉིན་བསྒྲགས་པ་ལྟར་ན། མའོ་སིང་པུས་ཁིའི་བྱང་ཕྱོགས་ཀྱི་ནན་ཕུའུ་ལཱ་ཞིང་ཆེན་གྱི་མའོ་སིང་པུས་ཁི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཉིན་དེར་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི91རྐྱེན་ལམ་དུ་ཤོར་བ་དང་། མི34གར་སོང་རྙེད་མེད་ཟེར།

ནན་ཕུའུ་ལཱ་ཞིང་ཆེན་གྱི་རྒྱལ་སྲིད་དྲུང་ཡིག་ནེ་ཐའོ་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ནི་ནན་ཕུའུ་ལཱ་ཞིང་ཆེན་གྱི་མའོ་སུའུ་ལི་ཨར་ས་ཁུལ་ནས་ལམ་དུ་ཆས་པའི་གནས་སྐབས་གྲུ་གཟིངས་ཤིག་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་སྟེང་དུ་འགྲུལ་བ་བརྒྱ་དང་སུམ་ཅུ་དྲུད་ཡོད་ལ། དོན་རྐྱེན་དེ་ནས་ཐེག་ཚད་ལས་བརྒལ་བའི་དབང་གིས་བྱུང་བ་རེད་ཟེར།

ནེ་ཐའོ་ཡིས་བསྟན་དོན། གནས་སྐབས་གྲུ་གཟིངས་དེ་ནི་ཉ་བདའི་གྲུ་གཟིངས་ཤིག་ཡིན་ལ། འགྲུལ་བ་དེ་འདྲའི་མང་བོ་འདྲུད་པའི་ཆ་རྐྱེན་མི་ལྡན། ས་དེར་བཤལ་ནད་བྱུང་བའི་གནས་ཚུལ་རྫུན་མ་བསྒྲགས་པ་ལས་མི་རྣམས་དངངས་འཚུབ་སྐྱེས་པ་དང་། མི་མང་བོས་སྔ་གཞུག་རྩོད་བཞིན་གྲུ་གཟིངས་སུ་བུད་པས་ཐེག་ཚད་ལས་བརྒལ་བ་རེད། འདས་པོའི་གྲས་སུ་བྱིས་པ་མང་བོ་ཡོད། མིག་སྔར་སྲོག་ཉེན་ལས་ཐར་བའི་མི་ལྔ་རྙེད་ཡོད་ལ། དེའི་ནང་མི་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། ས་དེའི་སྲིད་གཞུང་གིས་སྡེ་ཁག་བརྒལ་བའི་ཚན་ཆུང་ཞིག་བཙུགས་ནས་དོན་རྐྱེན་དེར་རྟོག་ཞིབ་དང་མཚོ་ཐོག་གི་སྔོག་བཤེར་བྱ་བ་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།