དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས7ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་པའི་དམིགས་ཡུལ་ནི་ལཱ་ཧྥའི་དམག་དོན་འགུལ་སྐྱོད་ལ་གྲ་སྒྲིག་བྱེད་ཆེད་ཡིན་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ལན་ཐི་ཡིས་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་ལྷོ་ཕྱོགས་དམག་ཁུལ་དམག་སྤྱི་ཁང་ནས་གནས་བབ་དཔྱད་འཇོག་བྱས་རྗེས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་ནི་མ་འོངས་པའི་ལས་འགན་གྱི་ཆེད་དུ་གྲ་སྒྲིག་བྱེད་པ་ཡིན་ལ། དེའི་ནང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་འདུས་ཡོད་ཟེར།
ཅཱ་ལན་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡུག་ནེ་སི་ས་ཁུལ་ནས་འཐབ་འཁྲུག་གྲུབ་འབྲས་མངོན་གསལ་བླངས་པ་དང་། འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱས་ཡོད་ལ། མཚོན་ཆ་དང་མཚོན་ཆའི་མཛོད་ཁང་། འཕྲིན་གཏོང་ལྟེ་གནས་སོགས་དམིགས་འབེན་ལ་གཏོར་བཤིག་བཏང་ཡོད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་ནུས་པ་རྨེག་མེད་དུ་བཏང་ཡོད་ཟེར།
ཅཱ་ལན་ཐི་ཡིས་བསྟན་དོན། ཕྱི་འབྲེལ་བྱས་པའི་དབྱི་སི་རལ་གྱི་དམག་དཔུང་གིས་རྗེས་མཐུད་ཀྱི་ལས་འགན་ལ་གྲ་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཅཱ་ཧྲའི་ཞི་ཧྥ་སྨན་ཁང་ནས་ཡོངས་འགྲུབ་བྱས་པའི་ལས་འགན་དང་འདྲ་བར་ལཱ་ཧྥ་ས་ཁུལ་ནས་ཀྱང་སྣང་ཚུལ་དེ་འདྲ་མཐོང་ཐུབ་ངེས་ཡིན་ལ། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ཚོད་འཛིན་མི་བྱེད་པ་དང་དབྱི་སི་རལ་གྱི་སྤྱི་དམངས་ལ་འཇིགས་ཉེན་མེད་རག་བར་དུ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས7ཉིན་བསྒྲགས་པ་ལྟར་ན། འདས་པའི་ཟླ་ངོ་འགའི་རིང་ལ་ཧན་ཡུག་ནེ་སི་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དབྱི་སི་རལ་གྱི་ཁྲི་ཤོག་གོ་བརྒྱད་པ་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱས་པ་དང་། དེ་ལས་དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་ཤུགས་སྔར་ལས་ཇེ་ཉུང་དུ་བཏང་བ་མཚོན་ཡོད། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་ནཱ་ཧཱ་ཨར་སྟོང་ཤོག་གཅིག་པུ་བསྡད་ཡོད་ལ། ནེ་ཁྲ་ལེ་མུའུ་བར་ཁྱམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།