ཅོར་ཏན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅོར་ཏན་གྱིས་ཚེས7ཉིན་ཅཱ་ཧྲ་ས་ཁུལ་དུ་དངོས་སྐྱེལ་རླངས་འཁོར་བརྒྱ་དང་ལྔ་བཅུས་གྲུབ་པའི་ཟས་རིགས་རྒུད་སྐྱོབ་ཀྱི་རླངས་འཁོར་རུ་ཁག་མངག་གཏོང་བྱས་པ་དང་། དེ་ནི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཅོར་ཏན་གྱིས་མངག་གཏོང་བྱས་པའི་གཞི་རྒྱ་ཆེས་ཆེ་བའི་རྒུད་སྐྱོབ་ཀྱི་རླངས་འཁོར་རུ་ཁག་ཅིག་རེད་ཟེར།
བསྒྲགས་པ་ལྟར་ན། རྒུད་སྐྱོབ་རླངས་འཁོར་རུ་ཁག་དེ་ནི་ཅོར་ཏན་དྲག་ཆས་དམག་དཔུང་དང་ཅོར་ཏན་སྲིད་གཞུང་གིས་ཚོང་གཉེར་བྱེད་པའི་ཧཱ་ཞི་མུའུ་དགེ་སྒྲུབ་རྩ་འཛུགས་ཀྱི་མཐུན་སྦྱོར་དང་མཉམ་ལས་འོག་མངག་གཏོང་བྱས་པ་ཡིན་ལ། ཧཱ་ཞི་མུའུ་དགེ་སྒྲུབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཧི་སེ་ཡུན་ཞེ་པུའུ་ལེ་ཡིས་བཤད་རྒྱུར། འབྲས་དང་ཕྱེ་སོགས་ཟས་རིགས་དྲུད་པའི་རླངས་འཁོར་རུ་ཁག་ལམ་དུ་ཆས་ནས་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། སྨྱུང་གྲོལ་དུས་ཆེན་གྱི་སྔོན་ལ་ཅཱ་ཧྲ་ས་ཁུལ་དུ་འབྱོར་བར་སྟབས་བདེ་བཟོ་རྒྱུ་རེད། དེའི་རྗེས་སུ་ད་རུང་ཟས་རིགས་རྒུད་སྐྱོབ་ཀྱི་རླངས་འཁོར་རུ་ཁག་འགའ་ཅཱ་ཧྲ་ས་ཁུལ་དུ་མངག་གཏོང་བྱེད་རྒྱུ་ཡིན་ཟེར།
ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་བསྟན་དོན། དམག་ཕྱོགས་ཀྱིས་མུ་མཐུད་དུ་ཨེ་ཅིབ་ཀྱི་ཨ་ལི་ཧྲི་གནམ་གྲུ་ཐང་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའམ། བར་སྣང་ནས་འཕེན་པ་དང་སྐམ་སའི་སྐྱེལ་འདྲེན་སོགས་ཀྱི་ཐབས་ལ་བརྟེན་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་མཁོ་དངོས་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།