གསར་འགོད་པས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ཉེར་གཅིག་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་ཆེད་ཞུས་མཉམ་ལས་གྲོགས་པོའི་འགན་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཁུར་རྒྱུ་ཡིན་པ་རེད། དེ་ནི་མཚོ་ཁུགས་རྒྱལ་ཁབ་ཀྱིས་ཐོག་དང་པོར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་ཆེད་ཞུས་མཉམ་ལས་གྲོགས་པོའི་འགན་ཁུར་བ་ཡིན་ལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་གྲོགས་པོའི་ཚོམས་ཡང་བསྐྱར་རྒྱ་བསྐྱེད་བྱས་པ་རེད་ཟེར།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་གཞོན་པ་ལིང་དབྱེ་ཀོང་གིས་མཚམས་སྦྱོར་བྱས་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་པུའུ་ཀྲང་གཞོན་པ་རིམ་པའི་དཔོན་རིགས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་ནས་སྐབས་ཉེར་གཅིག་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུར་ཞུགས་པར་མངག་རྒྱུ་མ་ཟད། སྐབས་འདིའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་སྟེང་རྒྱལ་ཁབ་འགྲེམ་སྟོན་ཁང་བཀོད་སྒྲིག་བྱེད་རྒྱུ་རེད་ཟེར།
ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་པ་དང་། ལོ་མང་བོའི་རིང་ལ་ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བརྗེ་རེས་དང་མཉམ་ལས་བྱས་ཏེ། བསྟུད་མར་དཔལ་འབྱོར་འགྲོ་འོང་ལ་ཤུགས་སྣོན་བྱས། ཉེ་བའི་ལོ་འགའི་རིང་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་ཉོ་ཚོང་དངུལ་གཏོང་མཉམ་ལས་འབྲེལ་བའང་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།