ཅོར་ཏན་དང་ཕཱ་ལེ་སི་ཐན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་རེད།
2024.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཅོར་ཏན་འཕྲིན་གཏོང་ཁང་གིས་ཚེས7ཉིན་བསྒྲགས་པ་ལྟར་ན། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ཧཱ་སུའུ་ནཱ་ཡིས་ཉིན་དེར་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ལིའམ་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་པུའུ་ཀྲང་མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས།

ཧཱ་སུའུ་ནཱ་ཡིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཅོར་ཏན་གྱིས་བློ་བརྟན་འགྱུར་མེད་སྒོས་ཕཱ་ལེ་སི་ཐན་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱེད་པ་དང་། དབྱི་སི་རལ་གྱིས་མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཅོར་ཏན་དང་ཕཱ་ལེ་སི་ཐན་ལ་ལོ་རྒྱུས་དང་ཡུལ་བབ་ཐད་ནས་འབྲེལ་འདྲིས་ཟབ་མོ་ཡོད་པ་དང་། ཅོར་ཏན་གྱིས་ཕཱ་ལེ་སི་ཐན་གནད་དོན་དེ་ཅོར་ཏན་གྱི་ལས་དོན་དུ་བརྩིས་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕཱ་ལེ་སི་ཐན་གྱི་མིར་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཧཱ་སུའུ་ནཱ་ཡིས་བསྟན་དོན། ཅོར་ཏན་དང་ཕཱ་ལེ་སི་ཐན་བར་ཉོ་ཚོང་འབྲེལ་བ་བཟང་བོ་ཡོད་ལ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་ཐོབ་པར་རེ་བཞིན་ཡོད་ཟེར།

མུའུ་སི་ཐཱ་ཧྥ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱིས་ཅོར་ཏན་གྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མཚམས་བཞག་སྟེ་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་འབད་འབུངས་ཆེན་པོས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་དང་བཀའ་དྲིན་ཞུ་བཞིན་ཡོད་ལ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྱང་ཅོར་ཏན་བར་གྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

མུའུ་སི་ཐཱ་ཧྥ་ཡིས་ཉིན་དེར་ད་རུང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ངེས་པར་དུ་མཚམས་འཇོག་དགོས་པ་ནན་བཤད་བྱས།

ཐེངས་འདིའི་ཅོར་ཏན་གྱི་འགྲུལ་བཞུད་ནི་མུའུ་སི་ཐཱ་ཧྥ་ཡིས་ཟླ3པའི་ཚེས31ཉིན་དམ་བཅའ་བཞག་སྟེ་ཕཱ་ལེ་སི་ཐན་གྱི་ཙུང་ལིའི་འགན་ཁུར་བའི་ཚུན་གྱི་འཚམས་འདྲི་ཐོག་མ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།