རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས7ཉིན་བསྟན་དོན། ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་ཆེད་མཁས་པས་བདེན་དཔང་བྱས་པ་ལྟར་ན། ཉིན་དེར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས་འཁོར་ཚན་ཨང་དྲུག་པར་གཏོར་བརླག་ཐེབས་པ་དང་། མི1རྐྱེན་ལམ་དུ་ཤོར་ཡོད་ཀྱང་། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་བདེ་འཇགས་ཐད་འཇིགས་ཉེན་ཐེབས་མེད་ཟེར།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ལས་ཁུངས་ཀྱི་ཆེད་མཁས་པས་ཉིན་དེར་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒྲིག་ཆས་ལ་ཉུང་མཐར་ཡང་ཐད་ཀར་འཇབ་རྒོལ་ཐེངས་གསུམ་ཐེབས་པ་བདེན་དཔང་བྱས། འོལ་ཚོད་ཀྱི་འཇབ་རྒོལ་བྱ་འགུལ་དེས་ཉིང་རྡུལ་ནུས་པའི་དོན་རྐྱེན་ཚབས་ཆེན་འབྱུང་བའི་ཉེན་ཁ་ཇེ་ཆེར་བཏང་ཡོད་པས་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ལ། དམག་དོན་ཇུས་འདོན་མཁན་གྱིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྩ་དོན་དང་འགལ་བའི་བྱ་སྤྱོད་གང་རུང་སྤེལ་མི་རུང་ཟེར།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དྲ་ཚིགས་བརྒྱུད་ནས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་ལས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་མེད་ཀྱང་། དེ་ནི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་ལ། ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་འཐུས་ཚང་རང་བཞིན་ལ་གཏོར་བརླག་གཏོང་སྲིད་པར་འདོད།
ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས7ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཉིན་དེར་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཡོད་སའི་ས་ཁོངས་སུ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་སྤེལ་བ་རེད་ཟེར། ཐཱ་སི་གསར་འགྱུར་ཁང་གིས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་དོ་དམ་མི་སྣའི་སྐད་ཆ་བཀོལ་ནས་བསྒྲགས་པ་ལྟར་ན། འཇབ་རྒོལ་ལས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་བདེ་འཇགས་ལ་འཇིགས་ཉེན་བཟོས་མེད་པ་དང་། ས་དེའི་འགྱེད་འཕྲོའི་ཆུ་ཚད་རྒྱུན་ལྡན་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།