རུ་ཝང་ཏཱ་ཡིས་ཚེས་བདུན་ཉིན་ནས་བཟུང་དུས་ཡུན་གཟའ་འཁོར་གཅིག་རིང་རྒྱལ་ཡོངས་ནས་མྱ་ངན་ཞུ་བ་དང་དམར་གསོད་ཆེན་མོ་བྱུང་ནས་ལོ་ངོ་སུམ་ཅུ་འགོར་བའི་ཉིན་བརྒྱའི་རིང་གི་རྗེས་དྲན་བྱ་འགུལ་སྤེལ་མགོ་བརྩམས།
རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མཱེ་དང་ལྕམ་མོ་ཀྲིན་ནེ་ཐི་གཉིས་ཀྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་རྒྱལ་ཁབ་མང་བོའི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་པ་དང་མཉམ་དུ་ཅི་ཅཱ་ལེ་དམར་གསོད་ཆེན་མོའི་རྗེས་དྲན་ཁང་ནས་འདས་པོར་མེ་ཏོག་གི་ཕྲེང་བ་ཕུལ་ནས་རྗེས་དྲན་དཔའ་འབར་སྒྲོན།
ཁཱ་ཅཱ་མཱེ་ཡིས་དེའི་རྗེས་སུ་ཅི་ཅཱ་ལེ་ལུས་རྩལ་ར་བ་ནས་གཏམ་བཤད་སྤེལ་ཏེ། རུ་ཝང་ཏཱའི་སྐྱོ་གར་དེ་ནི་ཉེན་བརྡ་ཞིག་ཡིན། གལ་ཏེ་ཚོད་འཛིན་མ་བྱས་ན་རིགས་རྒྱུད་ཚད་གཅོད་ཀྱི་ཁ་བྲལ་དང་ཐལ་སྤྱོད་རིང་ལུགས་དེ་ཡུལ་ལུང་གང་རུང་ནས་འབྱུང་སྲིད་ཟེར། ཁོས་བཤད་རྒྱུར། རིགས་རྒྱུད་དམར་གསོད་བྱས་རྗེས་རུ་ཝང་ཏཱའི་མིས་མི་རིགས་མཐུན་སྒྲིལ་དང་ཡང་བསྐྱར་བསམ་གཞིགས་ལེགས་པོ་བཏང་ནས། རྒྱལ་ཁབ་བསྐྱར་འཛུགས་ཀྱི་གདམ་གསེས་མཉམ་དུ་བྱས་པས་རྒྱལ་ཁབ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།
རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་རེ་འགའ་ཡང་ཉིན་དེའི་བྱ་འགུལ་ལ་ཞུགས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་བསྟན་དོན། ལོ་ངོ་སུམ་ཅུའི་རྗེས་དྲན་བྱ་འགུལ་ལ་བརྟེན་ནས་དུས་ངེས་མེད་དུ་མི་ཚང་མར་སྐྱོ་གར་དེ་འདྲ་ཡང་བསྐྱར་མི་འབྱུང་བའི་དམ་བཅའ་གསལ་འདེབས་བྱེད་དགོས་ཟེར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་བསྟན་དོན། བཟོད་སྒོམ་དང་ཞི་མཐུན་གདམ་གསེས་བྱས་པ་ལས་རུ་ཝང་ཏཱའི་སྤྱི་ཚོགས་གྲུབ་ཚུལ་སླར་གསོ་བྱུང་ཡོད་ཟེར།
རུ་ཝང་ཏཱའི་སྲིད་གཞུང་གི་བཤད་ཚུལ་ལྟར་ན། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཞི་བ་ནས་ཟླ་བདུན་པའི་བར། རུ་ཝང་ཏཱའི་ཐུའུ་ཞི་དང་ཧུའུ་ཐུའུ་རིགས་རྒྱུད་གཉིས་བར་གཞི་རྒྱ་ཆེ་བའི་དྲག་ཤུགས་འཁྲུག་རྩོད་བྱུང་ནས། མི་ས་ཡ་གཅིག་ཙམ་དམར་གསོད་ཐེབས་པ་དང་། དེའི་ནང་འདས་པོ་མང་ཆེ་བ་ཐུའུ་ཞི་རིགས་རྒྱུད་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།