དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བརྒྱད་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པར་འགན་འཁུར་དགོས་ཟེར།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ཏཱ་མཱ་ཧྲི་ཀི་ནས་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་དང་གྲོས་མོལ་བྱས་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱེད་པར་ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུ་དང་འཕུར་མདའ་བེད་སྤྱོད་བྱས་ཡོད་པ་དང་། ཨ་མེ་རི་ཁས་དབྱི་སི་རལ་གྱི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་མེད་ལ། དེ་ལས་ཝ་ཧྲིན་ཐོན་གྱིས་དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་དེར་ཀུ་ཡངས་བཏང་ཡོད་པ་གསལ་བཤད་བྱེད་ཐུབ། ཨ་མེ་རི་ཁས་འཇིགས་སྐུལ་དོན་རྐྱེན་དེར་འགན་ཁུར་དགོས་པར་མ་ཟད་ངེས་པར་དུ་འགན་འཁྲི་ཁུར་དུ་ལེན་དགོས་ཟེར། ཁོས་ད་རུང་བསྟན་དོན། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་དེར་རྒོལ་ལན་མེད་པ་མི་སྲིད་ལ། དབྱི་སི་རལ་གྱིས་རང་གི་ནག་ཉེས་བྱ་སྤྱོད་ཆེད་དུ་ཆད་གཅོད་ཁུར་དགོས་ཟེར།
མཱེ་ཁི་ཏཱ་ཏི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མིའི་རིགས་ཀྱི་རིན་ཐང་ལྟ་བར་འགལ་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་ཉིན་དེར་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་གི་སྡོད་གནས་གསར་བ་སྒོ་འབྱེད་བྱེད་པའི་མཛད་སྒོར་མཉམ་དུ་ཞུགས། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཉིན་དེར་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད། ས་ཁུལ་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།