དབྱི་སི་རལ་གྱི་དམག་དཔུང་གིས་འཁྲུག་རྩོད་བྱུང་བའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་མི་ཆོས་རོགས་སྐྱོར་གྱི་རླངས་འཁོར་རུ་ཁག་ཅཱ་ཧྲ་ས་ཁུལ་དུ་བགྲོད་རྒྱུ་ཡིན་པའི་ཚུལ་བསྟན།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཉིན་དེར་བསྡོམས་པས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་བཞི་བརྒྱ་དང་བཅུ་དགུ་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། དངོས་སྐྱེལ་རླངས་འཁོར་གྱི་ཁ་གྲངས་ནི་སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ་ཆེས་མང་བའི་ཉིན་ཞིག་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་དེ་དག་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་བར་གྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་དང་ནེ་ཁྲ་ནཱ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། དེ་ལས་གཞན་ཉིན་དེར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ཟས་རིགས་ཐུམ་བུ་ཉིས་བརྒྱ་དང་ང་བརྒྱད་བར་སྣང་ནས་ཅཱ་ཧྲ་ས་ཁུལ་དུ་གཏོང་འཕེན་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་སྲིད་གཞུང་གི་མངའ་ཁོངས་འགུལ་སྐྱོད་མཐུན་སྦྱོར་ཁྲུའུ་བར་གཞོགས་འདེགས་བྱས་ཏེ། ཉིན་རེར་ཅཱ་ཧྲ་ས་ཁུལ་དུ་ཟས་རིགས་དང་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་དངོས་སྐྱེལ་རླངས་འཁོར་བརྒྱ་ཕྲག་འགའ་བགྲོད་པར་སྟབས་བདེ་བཟོ་བཞིན་ཡོད། ཚེས་བདུན་ཉིན་སྲིད་གཞུང་གི་མངའ་ཁོངས་འགུལ་སྐྱོད་མཐུན་སྦྱོར་ཁྲུའུ་ཡིས་དབྱི་སི་རལ་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་ལ་མཐུན་སྦྱོར་བྱས་ནས། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཉེར་དགུ་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་འགྲོ་རུ་བཅུག་ཟེར།

གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དེ་སྐམ་ས་དང་བར་སྣང་། མཚོ་ཐོག་བཅས་ཀྱི་ལམ་ཐིག་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།